༢༠༡༣ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༥ ནས་ ༡༧ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ས་པ་རག་ཏུ་རྟེན་གཞི་བྱས་པའི་ཅལ་སི་གཙུག་ལག་སློབ་ཁང་དུ་ Charles University ཕོ་རམ་ ༢༠༠༠ ཞེས་ཞི་བདེའི་ལྷན་ཚོགས་ཉིན་གསུམ་གྱི་ཉིན་མཐའ་མའི་ཕྱེད་ཡོལ་དུ་༸གོང་ས་མཆོག་གིས་ཤར་ཨེ་ཤི་ཡའི་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། ‘Democracy, Human Rights and Religious Freedom in East Asia’ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་སྐབས་བཀའ་སློབ་སྩལ་དོན། ངོས་རང་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཐོག་མར་འབྱོར་སྐབས་གོ་ལའི་ཐོག་ཀུན་ཁྱབ་འགན་ཁུར་བྱ་རྒྱུ་གལ་ཆེ་ཡིན་སྐོར་བརྗོད་རྒྱུ་བྱུང་།
དེ་ནས་རིམ་བཞིན་མི་སྒེར་དང་ཚན་རིག་པ་སོགས་ཀྱི་ཁྲོད་འགྲོ་བ་མིའི་ནང་གི་བཟང་སྤྱོད་ཀྱི་རིན་ཐང་དང་། སེམས་པ་བཟང་པོ་བྱ་རྒྱུ། དེ་བཞིན་མི་སྒེར་དང་ཁྱིམ་ཚང་། དེ་བཞིན་སྤྱི་ཚོགས་ནང་བདེ་སྐྱིད་བསྐྲུན་ཐབས་ཐོག་སྐད་ཆ་ཤོད་མཁན་དང་འབད་བརྩོན་ཤུགས་ཆེ་རུ་ཕྱིན་པ་མངོན་བྱུང་། འོན་ཀྱང་དེང་སྐབས་སུའང་ནང་གི་བཟང་སྤྱོད་ཀྱི་མ་འདང་པའི་རྐྱེན་གྱིས་མིའི་སྤྱི་ཚོགས་ནང་དཀའ་ངལ་མང་དག་ཅིག་མུ་མཐུད་ནས་ཡོང་བཞིན་འདུགངོས་ཀྱི་ཕ་ཡུལ་གཉིས་པ་རྒྱ་གར་ལྟ་བུར་མཚོན་ན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧིན་དུ་དང་། སྲིད་འཛིན་གཞོན་པ་ཁ་ཆེ་ཡིན་ཞིང་། སྲིད་བློན་སིཀ་ཡིན། འདིས་རྒྱ་གར་ནི་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་ཆོས་ལུགས་ཚང་མར་འདྲ་མཉམ་ཐོག་གུས་འདུད་ཞུ་བཞིན་ཡོད།
འཛམ་གླིང་སྤྱི་ཡོངས་ཀྱི་འགྲོས་ལ་ལྟ་སྐབས་མང་གཙོ་དང་། སྨ༌བརྗོད། གསར་འགྱུར་རང་དབང་ཕྱོགས་སུ་སྐྱོད་བཞིན་ཡོད། དེར་བརྟེན་རྒྱ་ནག་མི་མང་དུང་ཕྱུར་ ༡༣ ཡོད་པ་རྣམས་རིག་གཞུང་ཕྱུག་པོ་ཞིག་དང་། ངལ་རྩོལ་ཅན། དངོས་ཡོད་གནས་ཚུལ་རྟོགས་ཐུབ་མཁན་གྱི་མི་རིགས་ཤིག་ཆགས་ཡོད། དེར་བརྟེན་སྔ་ཕྱི་མ་གཏོགས་རྒྱ་ནག་ནང་འགྱུར་བ་འགྲོ་ངེས། དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པས་མི་མང་གི་བསམ་འཆར་ལ་ཉན་དགོས། བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད། ངོས་རང་ཆུང་དུས་ནས་མང་གཙོའི་ལམ་ལུགས་ལ་མོས་པོ་ཡོད། བར་སྐབས་གཅིག་ངོས་ཀྱིས་ཨ་རི་རྒྱལ་ཁབ་དེ་བཞིན་ཨ་རིའི་མི་མང་ཚོར་བདག་པ་ལས་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ལ་བདག་མེད།
དེ་བཞིན་ངོས་རང་ཉི་ཧོང་དུ་ཡོད་སྐབས་ཉི་ཧོང་ཡུལ་དེ་ཉི་ཧོང་མི་མང་ཚོར་བདག་པ་ལས་རྒྱལ་པོར་བདག་མེད་པ། དེ་བཞིན་བོད་དེ་ཡང་བོད་མི་ཚོར་བདག་པ་ལས་ཏཱ་ལའི་བླ་མར་བདག་མེད། ངོས་རང་ད་ཆ་བོད་མིའི་ཆབ་སྲིད་དབུ་ཁྲིད་ལས་འགན་ནས་རྒས་ཡོལ་ཆ་ཚང་ཞུས་ཏེ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་སྤྲོད་ཟིན་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་གི་སྤུན་གྲོགས་ཕོ་མོ་ཚོར་མང་གཙོའི་རིང་ལུགས་ཐོག་བསྐྱོད་བཞིན་ཡོད་པ་གསལ་བཤད་ཐུབ། སྐྱོན་ཆ་ཡོད་མིན་ལ་མ་ལྟོས་པར་མང་གཙོའི་རིང་ལུགས་ནི་སྲིད་གཞུང་གི་ལམ་ལུགས་མཆོག་ཡིན། ཞེས་སོགས་་བཀའ་སློབ་སྩལ། བགྲོ་གླེང་ལྷན་ཚོགས་སྐབས་རྒྱ་ནག་གི་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ཁྲན་གུང་ཁྲན་Chen Guangchenལགས་ཀྱིས་གཙོས་སྙན་གྲགས་ཅན་གྱི་མི་སྣ་མང་དག་ཅིག་ཕེབས་ཡོད། བགྲོ་གླེང་ལྷན་ཚོགས་གྲོལ་རྗེས་༸གོང་ས་མཆོག་ཇར་མན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།