༢༠༡༣ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ Prague ནང་ཕ་རན་སིའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་ཨེ་ཇེན་སི་ཕ་རན་སི་པེ་རེ་སི་ Agence France-Presse ཞེས་པའི་གསར་འགོད་པའི་དྲི་བར་བཀའ་ལན་སྩོལ་སྐབས། འབར་མའི་དགེ་འདུན་པ་ཚོས་ནང་ཆོས་ནས་གསུང་པའི་བསླབ་བྱ་དེ་དག་ཉམས་ལེན་བྱས་པ་བརྒྱུད། ཡུལ་དེའི་ཁ་ཆེའི་གྲངས་ཉུང་མི་རིགས་ཚོར་དྲག་སྤྱོད་ཀྱི་རྒོལ་རྡུང་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་གནང་མཛད་དོན། ནང་པའི་དགེ་འདུན་པ་ཚོས་ཁ་ཆེའི་ཆོས་གྲོགས་ཕོ་མོ་ཚོར་ཞེ་སྡང་གི་བློ་སྐྱེ་སྐབས་ནང་ཆོས་ནས་གསུངས་པའི་བསླབ་བྱ་དེ་དག་ཡིད་ལ་དྲན་རོགས་ཞེས། ངོས་ཀྱིས་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། དེ་ལྟར་བྱས་ཚེ་ཁ་ཆེའི་ཆོས་གྲོགས་ཕོ་མོ་མང་པོའི་ཚེ་སྲོག་སྐྱོབས་ཐུབ། ཅེས་བཀའ་ལན་སྩལ།
འབར་མའི་ནང་དུ་ནང་པ་དང་ཁ་ཆེའི་དབར་འཐབ་རྒོལ་བྱུང་རྐྱེན་མི་གྲངས་ ༢༠༠ ལྷག་རྐྱེན་འདས་སུ་གྱུར་ཡོད་པའི་ཁྲོད་མང་ཆེ་བ་ཡུལ་དེར་སྐྱབས་བཅོལ་བ་ཁ་ཆེའི་མི་རིགས་ Rohingya Muslims ཡིན་པ་མ་ཟད། མི་གྲངས་ ༡༤༠༠༠༠ ལྷག་ཙམ་རང་ཁྱིམ་ནང་སྡོད་བཟོད་མ་ཐུབ་པར་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད།