༢༠༡༣ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ས་པ་རག་ཏུ་ཕོ་རམ་ ༢༠༠༠ ཞེས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༥ ནས་ ༡༧ བར་ཞི་བདེའི་ལྷན་ཚོགས་ཉིན་གསུམ་གྱི་ཉིན་མཐའ་མའི་སྔ་དྲོར་༸གོང་ས་མཆོག་གིས་སྤྱི་ཚོགས་འཕོ་འགྱུར་ཐོག་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་ཡོད། བགྲོ་གླེང་ལྷན་ཚོགས་སྐབས་ཐོག་མར་སྐུ་ཞབས་ནི་ཀོ་ལ་སི་ཝིན་ཊོན་ Sir Nicholas Winton མཆོག་དང་། ཨི་ལི་ཝེ་སལ་ Elie Wiesel མཆོག་གི་བརྙན་འཕྲིན་བརྒྱུད་གསུང་བཤད་གནང་བ་ཞིག་གཟིགས་འབུལ་ཞུས་ཡོད། དེ་རྗེས་བགྲོ་གླེང་གཙོ་སྐྱོང་གནང་མཁན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་གྷེ་རེ་ཏི་ཨི་ཝན་སི་ Gareth Evans མཆོག་གིས་སྤྱི་ཚོགས་འཕོ་འགྱུར་དང་འབྲེལ་བའི་གནད་དོན་དྲུག་སྟེ། བྱུང་རབས་དང་རིག་གཞུང་། བཟོད་བསྲན། ཉམས་ལེན། གང་ཟག་སྒེར། འགོ་ཁྲིད། རྣམ་དཔྱོད། བཅས་ཡིན་སྐོར་ངོ་སྤྲོད་ཞུས།
སྐབས་དེར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག་གིས་རྣམ་དཔྱོད་གོང་འཕེལ་གཏོང་ཆེད་གུ་ཡངས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེ་ཡིན་པ་དང་། འཆར་སྣང་གསལ་པོ་ཞིག་ཐོག་ནས་རྣམ་དཔྱོད་བེད་སྤྱོད་བྱེད་དགོས་པ་ལས་ལག་ལེན་ངོ་ཐོག་མེད་པའི་རྣམ་དཔྱོད་རྐྱང་པས་གྲུབ་འབྲས་གང་ཡང་ཐོན་རྒྱུ་མིན་སྐོར་གསུང་སྐབས། ༸གོང་ས་མཆོག་ནས་ལག་ལེན་དེ་ཧ་ཅང་གལ་ཆེ་ཡིན་པ་དང་ཆབས་ཅིག ལས་བཟང་ངན་གང་ཡིན་གཙོ་བོ་ཀུན་སློང་གིས་ཐག་གཅོད་རྒྱུ་ཡིན་པ་དེ་མ་བརྗེད་པ་བྱེད་དགོས་པ་དང་། ཀུན་སློང་དེ་བྱམས་བརྩེ་དང་གཞན་གྱི་བདེ་དོན་གྱི་བསམ་བློས་ཟིན་དགོས་རྒྱུ་གལ་ཆེ་ཡིན་སྐོར། དེ་བཞིན་དངོས་ཡོད་གནས་ཚུལ་རྟོགས་པར་བསམ་བློ་བག་ལྷིང་བརྟན་གསུམ་ཐོག་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་དགོས་ཞེས་བཀའ་སློབ་སྩལ།
གཞན་ཡང་སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཀ་རེལ་ཤ་བ་ཛན་སྦག་ Karel Schwarzenberg མཆོག་གིས་ཁྲིམས་གྱི་དབང་བསྒྱུར་ཐོག་ནས་སྤྱི་ཚོགས་ནང་འཕོ་འགྱུར་འགྲོ་རྒྱུ་གལ་ཆེ་ཡིན་སྐོར་གསུང་སྐབས། ༸གོང་ས་མཆོག་གིས་ཁྲིམས་ཀྱི་གནས་བབ་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབ་དང་མཐུན་པ་ཞིག་དགོས་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ། སྐབས་དེར་འབར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyi མཆོག་གིས་ཁྲིམས་ལུགས་དེ་འདྲ་ཞིག་བྱུང་ན་དེར་ཁྲིམས་ལུགས་དྲང་པོ་ཞིག་ལ་ངོས་འཛིན་ཞུ་ཆོག་བཅས་༸གོང་ས་མཆོག་གི་བཀའ་སློབ་ལ་མོས་མཐུན་ཞུས།
བགྲོ་གླེང་མཇུག་བསྡོམས་དང་འབྲེལ་ནས་སྐུ་ཞབས་གྷེ་རེ་ཏི་ཨི་ཝན་སི་མཆོག་གིས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༤༠༠༠ དང་དངོས་སུ་བཀའ་སློབ་གནང་མཁན་མི་གྲངས་ ༡༤༠ ཡོད་པའི་ཁྲོད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། འབར་མའི་མང་གཙོ་དོན་གཉེར་ལྕམ་སྐུ་ཨང་སང་སུ་ཀི་ Daw Aung San Suu Kyi རྣམ་གཉིས་མཆོག་ལ་དམིགས་བསལ་ཐུགས་རྗེ་ཞུས་པ་དང་སྦྲགས། སྔ་དྲོའི་ཚོགས་མཐུན་ལེགས་གྲུབ་བྱུང་།