༢༠༡༣ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༩ རེས་གཟའ་ཕུར་བུའི་ཉིན་༸གོང་ས་མཆོག་གིས་ཇར་མན་གྲོང་ཁྱེར་ཧ་ནོ་ཝར་ནས་རྒྱང་ཐག་སྤྱི་ལི་ ༢༠ ཙམ་དུ་ཡོད་པའི་གྲོང་ཁྱེར་ཝུན་སི་ཊོབ་ Wunstorf ཏུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེའི་གྲོང་སྡེའི་ཚོགས་ཁང་དུ་ Town Hall ༸ཞབས་སོར་འཁོད་སྐབས་ཚོགས་ཁང་གི་རྒྱལ་སྒོའི་མདུན་ནས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་རོལ་ཨེག་སེལ་ཨེ་བྷར་ཧར་ཌི་ The Mayor of Wunstorf, Rolf-Axel Eberhardt མཆོག་དང་ཁོང་གི་སྐུ་ཟླ་ལྕམ་སྐུ་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་༸གོང་ས་མཆོག་ཚོགས་ཁང་ནང་དུ་ཆིབས་སྒྱུར་བསྐྱངས་སྐབས་གཞོན་སྐྱེས་ཁག་ཅིག་གིས་རོལ་དབྱངས་འབུལ་ལམ་ཞུས་ཏེ་ཕེབས་བསུ་དང་འབྲེལ་ཞབས་སྟེགས་ཐོག་༸ཞབས་སོར་འཁོད། དེ་ནས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན།
ལོ་ཤས་སྔོན་གྲོང་ཁྱེར་སྦར་ལིན་ Berlinདུ་གྲོང་སྡེ་སྤྱི་ཁྱབ་པ་འདུ་འཛོམས་སྐབས་ང་རང་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་རྒྱུའི་གོ་སྐབས་ཐོབ་བྱུང་། སྐབས་དེར་ཉིན་གཅིག་ཁོང་ང་ཚོའི་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་ཐུབ་རྒྱུ་རེད་བསམས་པ་ངའི་བློ་ཡུལ་དུ་ནམ་ཡང་འཆར་མྱོང་མེད། གྲོང་ཁྱེར་འདིར་མི་རིགས་འདྲ་མིན་ ༩༧ ནས་མི་གྲངས་ ༤༠ ༠༠༠ ཡོད། དེའི་ཁོངས་སུ་ཆོས་ལུགས་འདྲ་མིན་ཡོད། ཅེས་སྙན་སྒྲོན་ཞུས་གྲུབ་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ཁྱེད་ཚོས་ངོས་ལ་གུས་བསུའི་སྣེ་ལེན་གནང་བར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་ངོས་ལ་ལག་རྟགས་སུ་གྲུ་གཟིངས་ཀྱི་འདྲ་གཟུགས་ཤིག་གནང་བྱུང་། གྲུ་གཟིངས་དེས་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚོས་འཆམ་མཐུན་ངང་མཉམ་གནས་ཐུབ་པ་མཚོན་བཞིན་ཡོད། ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་གོང་འཕེལ་གཏོང་རྒྱུ་ནི་ངོས་ཀྱིས་མི་ཚེའི་ནང་གི་གནད་དོན་གཙོ་བོ་གཅིག་ཆགས་ཡོད། དེར་བརྟེན་ཁྱེད་ཚོས་གྲོང་ཁྱེར་འདིའི་ནང་མིག་དཔེར་འོས་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པར་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཉེ་འཁྲིས་སི་ཊེན་ཧུ་ཌིའི་ Steinhude ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཞིག་ཡོད་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་སློབ་གྲུག་ཚོར་བཀའ་སློབ་སྩལ་དོན།
གཞོན་སྐྱེས་ཚོར་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། མ་འོངས་པའི་འགན་དེ་ཁྱེད་ཚོའི་ཕྲག་པའི་སྟེང་ཡོད། ཁྱེད་ཚོར་ཤེས་ཡོན་དང་ལྷན་དུ་མ་འོངས་པའི་འཆར་སྣང་ཞིག་ཀྱང་དགོས། ངོས་ཀྱི་གྲོགས་པོ་མང་པོ་ཞིག་གིས་དེང་དུས་ཤེས་ཡོན་ལམ་ལུགས་དེ་ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་གཙོ་བཟུང་བྱས་པར་བརྟེན་དེར་མ་འདང་པའི་ཆ་ཞིག་ཡོད་པ་བརྗོད་ཀྱི་འདུག དེར་བརྟེན་ལམ་ལུགས་དེའི་ནང་དུ་ནང་གི་སེམས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འཛམ་གླིང་ཆུང་དུ་ཕྱིན་ཚར་བ་རེད། ས་གནས་གཅིག་གི་གནས་ཚུལ་དེས་ས་གནས་གཞན་ལ་ཤུགས་རྐྱེན་ལམ་སེང་ཐེབས་ཀྱི་ཡོད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པའི་ཁྲོད་དམག་འཁྲུག་དང་འཐབ་རྩོད་སོགས་ཀྱིས་དཀའ་ངལ་མང་དག་ཅིག་ཡོད་པ་རྣམས་མིས་བཟོས་པ་ཤ་སྟག་ཆགས་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས། སྐུ་མདུན་དུ་བྱིས་པ་ཞིག་ཡོད་པ་དེར་ཞལ་ཤོབ་དང་སྦྲགས། ཁྱེད་ཚོས་མཚམས་རེ་རོགས་དང་རྩོད་པ་རྒྱག་གི་ཡོད་དམ། ངོས་རང་ཉིད་ལོ་ན་ ༤ ཡིན་སྐབས་ངོས་ཀྱི་གཅེན་པོ་ལོ་ ༦ ཡིན། ངོས་གཉིས་ཡང་སེ་འཁྲུག་པ་རྒྱག་གི་ཡོད་ནའང་། ཡུད་ཙམ་ནས་འཁོན་འཛིན་གྱི་བསམ་བློ་བརྗེད་ནས་རྩེད་མོ་རྩེ་ཡི་ཡོད། འོན་ཀྱང་མི་རྒན་པ་ཚོས་འཁོན་འཛིན་གྱི་བསམ་པ་ཁོག་ཏུ་བཅུག་ནས་འཁོན་ལན་སློག་རྒྱུའི་གོ་སྐབས་ནམ་བྱུང་ལ་་ལམ་སེང་འཁོན་ལེན་སློག་བཞིན་ཡོད། ང་ཚོར་དཀའ་ངལ་ནམ་འཕྲད་སྐབས་ཚུལ་མཐུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ། དེ་རྗེས་ས་གནས་ཀྱི་ཟ་ཁང་ཞིག་གིས་༸གོང་ས་མཆོག་སྟོན་འཁོར་ལྷན་རྒྱས་ལ་ཉིན་གུང་ལྗགས་སྨིན་འབུལ་ལམ་ཞུས།
དེ་ནས་༸གོང་ས་མཆོག་ཉེ་འཁོར་གྱི་མཚོ་གླིང་ཆུང་ཆུང་བྷ་ཌེན་སེལ་སི་ཊེན་ཧུ་དི་ Badeinsel Steinhudeཞེས་པ་དེར་ཆིབས་སྒྱུར་བསྐྱངས། སྐབས་དེར་༸གོང་ས་མཆོག་མཚོ་གླིང་དེར་༸ཞབས་སོར་འཁོད་སྐབས་མང་ཚོགས་ ༤༠༠༠ བརྒལ་བས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེར་འཛོམས་པའི་མི་དམངས་རྣམས་ལ་བྱམས་བརྩེ་དང་བཟོད་བསྲན་སོགས་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་སྐོར་ལམ་སྟོན་བཀའ་སློབ་གཟབ་རྒྱས་སྩལ། ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་ཝི་ཏི་ནམ་དགོན་པ་ཞིག་ཏུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག