༢༠༡༣ ཟླ་ ༩ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རག་ Prague ཏུ་ཕོ་རམ་ ༢༠༠༠ (Forum 2000) ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་སུ་དེང་གི་སྤྱི་ཚོགས་ཁྲོད་ཕན་ཚུན་གུས་བརྩི་དང་བྱམས་བརྩེའི་ཉམས་ལེན་གལ་ཆེ་ཡིན་སྐོར་ Compassion & Respect in Today’s Societyམི་གྲངས་ ༦༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་ཐོག་མར་རྒྱལ་སའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཀ་རེལ་ཤ་བར་ཛེན་བྷག་ Karel Schwarzenberg མཆོག་དང་གྲོང་སྡེའི་སྤྱི་ཁྱབ་པ་ Mayor སྐུ་ཞབས་ཏོ་མ་སི་ཧུ་དེ་སེག་ Tomas Hudecek མཆོག དེ་བཞིན་ཕོ་རམ་ ༢༠༠༠ (Forum 2000) ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་གཙོ་སྐྱོང་བ་སྐུ་ཞབས་ཇེ་ཀུབ་ཀེལ་པལ་ Jakub Klepal མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད།
དེ་རྗེས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ཅེཀ་དང་ཧང་གྷ་རི། ཨོ་སི་ཊི་རི་ཡ་བཅས་ཀྱི་ནང་གནས་སྡོད་བོད་མི་རྣམས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། ཉིན་དགུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་ཐོག་མར་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཁག་གཅིག་ལ་མཇལ་ཁ་སྩལ་ནས་རྒྱལ་སྤྱིའི་ལྷན་ཚོགས་ཚུགས་ཡུལ་ཊིབ་སི་པོ་ཊི་ Tipsport Arena དུ་ཆིབས་སྒྱུར་བསྐྱངས་སྐབས་དེར་བསྡུས་མང་ཚོགས་ ༦༠༠༠ བརྒལ་བས་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་རྗེས།
༸གོང་ས་མཆོག་གིས་ཐོག་མར་ཡུལ་དེའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་ Vaclav Havel དམ་པ་མཆོག་ཐུགས་དྲན་གསོ་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། དམ་པ་ཁོང་ནི་སྐྱེས་བུ་ཞི་དུལ་བག་ཡོད་ཅན་ཞིག་ཡིན་པ་ལས་ཁེངས་དྲེགས་ཅན་ཞིག་ཏན་ནས་མིན། ཁོང་ཐོག་མར་མཇལ་སྐབས་ནས་དམ་པ་ཁོང་ནི་མི་རང་ཚུགས་བརྟན་ཞིང་དྲང་ཚུགས་ལྡན་པ་ཞིག་ཡིན་པ་དང་། དེ་རྗེས་དམ་པ་ཁོང་དང་ལན་འགའ་ཤས་མཇལ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། མཐར༌དམ་པ་ཁོང་ཉིད་མཆོག་སྐུ་ཚེའི་འཕེན་པ་རྫོགས་ཁར་ཡང་མཇལ་རྒྱུའི་གོ་སྐབས་ཐོབ་བྱུང་།
ངོས་ཀྱི་དམ་པ་ཁོང་དང་འདིར་བསྡུས་མང་ཚོགས་རྣམས་ལ་མཛའ་བརྩེའི་འབྲེལ་བ་ཡོད་སྟབས། ཅེཀ་མང་ཚོགས་རྣམས་ལ་རང་བཞིན་གྱི་སེམས་ཐག་ཉེ་པོ་ཡོང་བཞིན་འདུག དེ་སྔ་རྒྱ་གར་གྱི་སྲིད་འཛིན་ཐོག་མ་གནང་མྱོང་མཁན་སྐུ་ཞབས་ར་ཇེན་དྲ་པར་ས་དི་ Rajendra Prasad མཆོག་འདས་གྲོངས་སུ་གྱུར་རྗེས་ངོས་ཀྱིས་བི་ཧཱར་རྒྱལ་ས་པ་ཊི་ནར་རྟེན་གཞི་བྱས་པའི་དམ་པ་ཁོང་གི་ཁྱིམ་ཚང་དུ་བཅར་ནས་གུས་འདུད་ཞུ་རྒྱུ་བྱུང་། སྤྱིར་དམ་པ་ཁོང་གི་སྐུ་ལུས་འདིར་དངོས་སུ་མཇལ་རྒྱུ་མེད་ནའང་། དམ་པ་ཁོང་ལ་གུས་འདུད་ཞུ་ཆེད་གནང་ཉིན་ངོས་རང་དམ་པ་ཁོང་གི་ལས་ཁུངས་སུ་བཅར་རྒྱུ་ཡིན། ངོས་ཀྱི་ཧེ་ཝེལ་དམ་པ་མཆོག་གི་སྐུ་ཟླ་མཆོག་དང་ཁོང་གི་གཉེན་འབྲེལ།
དེ་བཞིན་མཛའ་གྲོགས་ཚོ་དང་མཇལ་སྐབས་ཁྱེད་ཚོས་སྲིད་འཛིན་དམ་པ་ཁོང་ལ་གུས་འདུད་ཞུ་རྒྱུའི་མཚོན་རྟགས་ལེགས་ཤོས་ནི་ཁོང་གི་ཐུགས་དགོང་ལ་ཡོད་པའི་ལས་དོན་རྣམས་ལག་བསྟར་གང་ཐུབ་རྒྱུན་ཁྱོང་གནང་རྒྱུ་དེ་ཡིན། ཞེས་འདི་ལྟར་ཞུ་རྒྱུ་བྱུང་། ངོས་རང་ཐེངས་འདིར་སླར་ཡང་རྒྱལ་སྤྱིའི་ལྷན་ཚོགས་ཕོ་རམ་ ༢༠༠༠ ལ་བཅར་རྒྱུའི་གོ་སྐབས་བྱུང་། ལྷན་ཚོགས་འདི་བཞིན་ཐོག་མར་གསར་གཏོད་གནང་མཁན་སྲིད་འཛིན་དམ་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་མཆོག་དང་ཝོལ་ཌི་རི་ཆི་ཀར་ནེ་ Oldrich Cerny མཆོག་ཡིན། བློ་ཕམ་པ་ཞིག་ལ་ཁོང་ཡང་འདས་གྲོངས་སུ་གྱུར་ཟིན། འོན་ཀྱང་དམ་པ་ཁོང་གི་སྐུ་ཟླ་དང་ད་རེས་མཇལ་སྐབས་སྐྱོ་གནང་གི་ཚབ་ཏུ་དགའ་སྤྲོའི་རྣམ་འགྱུར་གྱིས་ངོས་ལ་འཚམས་འདྲི་གནང་བྱུང་། ངོས་རང་ད་རེས་འདིར་ཁྱེད་རྣམ་དང་མཇལ་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། དེར་བརྟེན་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་མང་ཚོགས་ལ་དེང་གི་སྤྱི་ཚོགས་ཁྲོད་ཕན་ཚུན་གུས་བརྩི་དང་
བྱམས་བརྩེའི་ཉམས་ལེན་གལ་ཆེ་ཡིན་སྐོར་ཐོག་བཀའ་སློབ་སྩལ་དོན།
གཞི་རྩའི་ཆ་ནས་ང་ཚོ་ཚང་མ་ལུས་སེམས། སེམས་ཚོར་གང་གི་ཆ་ནས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པའི་འགྲོ་བ་མིའི་རིགས་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོས་བདེ་བ་འདོད་པ་བཞིན་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། ང་ཚོར་བསམ་བློ་བཟང་ངན་གཉིས་ཀ་ལྡན་ཡོད། ངོས་རང་ཡང་ཁྱེད་ཚོ་དང་གཅིག་པ་ཡིན་བསམ་པ་མ་གཏོགས་ཁྱད་པར་བ་ཞིག་ཡིན་བསམ་པ་ནམ་ཡང་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་འཇུག་དགོས་པའི་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། ང་ཚོས་ཤེས་ཡོན་གྱི་ལམ་ལུགས་ནང་ཆོས་ལུགས་བྱེ་བྲག་པ་གཅིག་དང་དད་པ་ཙམ་དང་། ཡིད་ཆེས་ཙམ་ལ་མ་བརྟེན་པར་རྒྱུ་མཚན་ལ་རྟེན་ནས་བཟང་སྤྱོད་གལ་ཆེ་ཡིན་པའི་སློབ་གསོའི་ལམ་ལུགས་ཞིག་འཛུགས་ཐུབ་པ་བྱ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་གིས་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་རྒྱུའི་གོ་སྐབས་ཐོབ་པར་ཐུགས་རྗེ་ཆེ་ཞུ་སྐབས་མང་ཚོགས་རྣམས་ཀྱི་དགའ་བསུ་ཧ་ཅང་ཞུས་ཡོད། ༸གོང་ས་མཆོག་གིས་ཕྱི་ཚེས་ ༡༥ ཉིན་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག་པ་བཅས།།