༢༠༡༣ ཟླ་ ༩ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལི་ཐུ་ནི་ཡའི་ཁུལ་གྱི་མཛད་འཆར་ཉིན་མཐའ་མར་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནི་ཡས་སུ་རྟེན་གཞི་བྱས་པའི་སྒྱུ་རྩལ་བསྟི་གནས་ཁང་དུ་ (Academy of Arts) ནང་པ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་དེང་སྐབས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ཐུགས་བརྩེ་བ་ཆེན་པོའི་རང་བཞིན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང། ཐོག་མར་སྟོན་པ་རང་ཉིད་གང་ཟག་ཕལ་པ་ཞིག་ཡིན་པ་དང་། རིམ་བཞིན་རང་བརྒྱུད་ཉོན་རྨོངས་པའི་གྲིབ་པ་རྣམས་སྤངས་ནས་ཐུགས་བརྒྱུད་ལ་རྟོགས་པའི་ཡོན་ཏན་འཁྲུངས་པ་ཞིག་ཡིན། རྒྱ་གར་ནང་གནའ་རབས་ནས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་བསླབ་པ་གསུམ་གྱི་ཉམས་ལེན་གནང་སྲོལ་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྩ་བ་ནི་ཉོན་རྨོངས་ལ་ཐུག་ཡོད་སྐོར་བཀའ་སློབ་སྩལ་བ་དང་སྦྲགས། ནང་པ་སངས་རྒྱས་པ་དང་ཕྱི་རོལ་པས་བདག་འདོད་ཚུལ་མི་འདྲ་བའི་སྐོར་བཀའ་སློ་སྩལ་སྐབས། ཕྱི་རོལ་པས་རྟག་གཅིག་རང་དབང་ཅན་གྱི་བདག་འདོད་པ་དང་། ནང་པ་སངས་རྒྱས་པས་ཕུང་པོ་ལྔ་པོ་གང་རུང་ལ་རྟེན་ནས་བཏགས་པའི་ང་ཙམ་བདག་འདོད་པ་སོགས་ཀྱི་སྐོར་བཀའ་སློབ་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་བོད་དོན་རྒྱབ་སྐྱོར་གནང་
མཁན་ཚོར་བཀའ་སློབ་ཕེབས་དོན། བོད་ཀྱི་གནད་དོན་ནི་བདེན་པའི་གནད་དོན་ཞིག་ཡིན། ད་ལྟའི་དུས་སྐབས་འདིར་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་རྒྱབ་སྐྱོར་ནི་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་ཡོད། སྐབས་རེ་མིའི་དྲན་པ་ཐུང་ངུ་ལས་མེད་སྟབས་ཁྱེད་ཚོས་བོད་ཀྱི་གནད་དོན་དྲན་སྐུལ་གནང་བ་དེ་རིན་ཐང་བྲལ་བ་ཞིག་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད།
ཉིན་གུང་ལྗགས་སྨིན་གྲུབ་མཚམས་མང་ཚོགས་ལ་བཀའ་སློབ་སྩོལ་ཆེད་ Siemens Arena ཞེས་པའི་ཚོགས་ཁང་ནང་༸ཞབས་སོར་འཁོད་སྐབས། མགོན་པོ་གང་ཉིད་མཆོག་གིས་གྲོགས་པོ་རྙིང་པ་སྲིད་འཛིན་ཟུར་པ་ Vytautas Landbergis མཆོག་དང་ཁོང་གི་ལྕམ་སྐུ་རྣམ་གཉིས་ལ་འཚམས་འདྲི་མཛད་ཡོད། ༸གོང་ས་མཆོག་གིས་བཀའ་སློབ་དབུ་འཛུགས་མ་མཛད་གོང་དང་བླངས་ཞབས་ཞུ་བ་ Donatas Semasko ལགས་སུ་གཞོན་སྐྱེས་ཁྲོད་བྱམས་བརྩེའི་ཉམས་ལེན་སྤེལ་མཁན་ཆེད་དུ་ཆེད་འཛུགས་གནང་བའི་༸གོང་ས་ཏཱ་ལའི་བླ་མའི་བྱམས་བརྩའི་གཟེངས་རྟགས་ The Dalai Lama Award, Youth Compassion ཞེས་པ་གསོལ་རས་སྩལ། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་སླར་ཡང་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ངོས་རང་ཐོག་མ་འདིར་ཡོང་སྐབས་ཡུལ་འདིའི་མང་ཚོགས་རྣམས་ཀྱིས་དཀའ་ངལ་ཇི་འདྲ་ཞིག་འཕྲད་མིན་ལ་མ་ལྟོས་པར་སྙིང་སྟོབས་དང་ཆོད་སེམས་མ་ཉམས་པར་རྒྱུན་སྐྱོང་བྱེད་བཞིན་པའི་རྣམ་འགྱུར་ཞིག་མཐོང་བྱུང་།
ངོས་རང་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་ངོས་རང་ཁྱེད་ཚོ་དང་འདྲ་བར་མི་བྱེ་བྲག་པ་ཞིག་ཡིན་བསམ་པ་ལས་ཁྱད་པར་བ་ཞིག་ཡིན་བསམ་པ་ནམ་ཡང་དྲན་གྱི་མེད། ཆུང་དུས་སྐབས་ངོས་རང་ཏཱ་ལའི་བླ་མ་ཡིན་བསམ་པའི་ཚོར་བ་ནམ་བྱུང་སྐབས་སེམས་ནང་ཕྲན་བུ་དངངས་དཀྲག་སྐྱེས་མྱོང་། འོན་ཀྱང་ད་ཆ་དེ་འདྲའི་དངངས་དཀྲག་གང་ཡང་མེད་པར་སེམས་ལྷོད་ཤིག་ཤིག་ལྟ་བུ་འདུག ང་ཚོར་དཀའ་ངལ་འཕྲད་བཞིན་པ་དེ་དག་རང་གཅེས་འཛིན་ལ་བརྟེན་ནས་བྱུང་ཡོད། ང་ཚོས། ང་། ཞེས་རང་ཉིད་གཅེས་པར་འཛིན་པའི་གཅེས་འཛིན་བརྟེན་ནས་ང་དང་ཁོང་། དེ་བཞིན་ང་ཚོ་དང་ཁོང་ཚོ། ཞེས་པའི་འགོག་རྐྱེན་དེ་བསླེབས་ཀྱི་ཡོད། ནང་ཆོས་ནང་སེམས་ཅན་ཐམས་ཅད་བདེ་བའི་དོན་དག་གསུངས་ཡོད།
ང་ཚོ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་དེ་སྒྲུབ་ཐབས་བྱེད་དགོས། གང་ཡིན་ཞེ་ན། ང་ཚོ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་རྟེན་ནས་འཚོ་དགོས། གནས་སྟངས་དེ་འདྲའི་སྐབས་གཞན་དོན་བྱས་པ་བརྒྱུད་ནས་རང་དོན་བསྒྲུབ་ཐབས་བྱ་རྒྱུ་དེ་ཐབས་ལམ་བཟང་ཤོས་ཆགས་ཡོད། གོ་ལའི་སྤྱི་ཚོགས་འདིའི་ནང་ཞི་བདེ་ཞེས་པ་དེ་སྨོན་ལམ་བརྒྱབ་ནས་རག་ཐབས་མེད། འོན་ཀྱང་ང་ཚོས་ལས་ཀ་བྱེད་སྟངས་ལ་རག་ལུས་ཡོད། ཞི་བདེ་ནི་ཐོག་མར་ང་ཚོ་སོ་སོའི་བརྒྱུད་ལ་སྐྱེས་དགོས། ང་ཚོས་སོ་སོའི་ནང་སེམས་ཀྱི་ཞི་བདེར་གཞི་བཅོལ་བའི་ཐོག་ནས་ང་ཚོའི་གཡས་གཡོན་དུ་ཞི་བདེ་བསྐྲུན་ཐུབ་ཀྱི་ཡོད་པ་མ་ཟད། རིམ་པས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ། ཅེས་དང་། དེ་བཞིན་༸གོང་ས་མཆོག་གིས་བདེ་སྐྱིད་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།།།