༢༠༡༣ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ ཉིན་༸གོང་ས་མཆོག་གིས་ལ་ཏི་ཝི་ཡར་ (Latvia) རྒྱལ་ཁབ་ནང་ཆིབས་སྒྱུར་བསྐྱངས་ཏེ་གསར་འགོད་ལྷན་ཚོགས་སུ་བཀའ་སློབ་དང་། ཕྱི་ཚེས་ ༡༠ ཉིན་ལ་ཏི་ཝི་ཡའི་རི་ག་གསར་ཤོག་དུས་དེབ་ཀྱི་དུས་བབ་ (The Riga Time) ཅེས་པའི་གསར་འགོད་པར་བཀའ་ལན་སྩལ། ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་དང་ལི་ཐུ་ནི་ཡའི་སྲིད་འཛིན་ལྕམ་སྐུ་ད་ལི་ཡ་གེར་བྷུ་སི་ཀེ་ཊི་ (Ms Dalia Grybauskaite) མཆོག་མཇལ་འཕྲད་མཛད་ཡོད། ཕྱི་ཚེས་ ༡༢ ཉིན་མགོན་པོ་གང་ཉིད་མཆོག་གིས་དེང་གི་སྤྱི་ཚོགས་ནང་སྤྱི་ཚོགས་དང་ཁོར་ཡུག བཟང་སྤྱོད་སོགས་ལ་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྐོར་བཀའ་སློབ་དང། ཕྱི་ཚེས་ ༡༢ ཉིན་སྒྱུ་རྩལ་བསྟི་གནས་ཁང་ (Academy of Arts) ཚོགས་ཁང་དུ་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།
ཕྱི་ཚེས་ ༡༣ ཉིན་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནི་གཡས་སུ་རྟེན་གཞི་བྱས་པའི་སྒྱུ་རྩལ་བསྟི་གནས་ཁང་དུ་ (Academy of Arts) ནང་པ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ། ཕྱི་ཚེས་ ༡༤ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་རྒྱལ་ས་པ་རག་ (Prague) ཏུ་ཕོ་རམ་ ༢༠༠༠ (Forum 2000) ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་སུ་དེང་གི་སྤྱི་ཚོགས་ཁྲོད་ཕན་ཚུན་གུས་བརྩི་དང་བྱམས་བརྩེའི་ཉམས་ལེན་གལ་ཆེ་ཡིན་སྐོར་ (Compassion & Respect in Today’s Society) མི་གྲངས་ ༦༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ (Prague) ཏུ་རྟེན་གཞི་བྱས་པའི་བོ་སི་ཁོ་གསོལ་མགྲོན་ཁང་དུ་ཨོ་སི་ཊི་རི་ཡ་དང་ཧང་གྷ་རི། པོ་ལན་ཌི་བཅས་ཉེ་འཁོར་ནས་བཅར་བ་དང་། དེ་བཞིན་ཅེཀ་ནང་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༡༥ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ (Prague) ནང་ཕོ་རོམ་ ༢༠༠༠ ཞེས་ (Forum 2000) རྒྱལ་སྤྱིའི་ལྷན་ཚོགས་སྐབས་དང་བསྟུན། མགོན་པོ་གང་ཉིད་མཆོག་དང་འབར་མའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་མཆོག་མཇལ་འཕྲད་མཛད་ཡོད།
ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་ཤོས་ཡིན་པ་ཧོ་སི་པོ་དར་སི་ཀི་ནོ་ཝིན་ནེ་ (Hospodárské noviny) ཞེས་པའི་གསར་འགོད་པའི་ཆེད་དོན་དྲི་བ་དང་། ཕྱི་ཚེས་ ༡༧ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ (Prague) ནང་ཕ་རན་སིའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་ཨེ་ཇེན་སི་ཕ་རན་སི་པེ་རེ་སི་ (Agence France-Presse) ཞེས་པའི་གསར་འགོད་པའི་དྲི་བར་བཀའ་ལན། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་རྟེན་གཞི་བྱས་པའི་ཞུ་ཕིན་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པ་ལྔ་བཅུ་བརྒལ་བ་ལྷན་འཛོམས་ཐོག་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་ཡོད། ཕྱི་ཚེས་ ༡༥ ནས་ ༡༧ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ས་པ་རག་ཏུ་རྟེན་གཞི་བྱས་པའི་ཅལ་སི་གཙུག་ལག་སློབ་ཁང་དུ་ Charles University ཕོ་རམ་ ༢༠༠༠ ཞེས་ཞི་བདེའི་ལྷན་ཚོགས་སུ་༸གོང་ས་མཆོག་གིས་ཤར་ཨེ་ཤི་ཡའི་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། ‘(Democracy, Human Rights and Religious Freedom in East Asia)’ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་དང་། ཕྱི་ཚེས་ ༡༨ ཉིན་ཇར་མ་ནིའི་གྲོང་ཁྱེར་ཧ་ནོ་ཝར་དུ་རྟེན་གཞི་བྱས་པའི་ཨ་ཡེ་ཇི་ཨེས་(IGS School) སློབ་གྲྭའི་ཚོགས་ཁང་ནང་བཀའ་སློབ། ཕྱི་ཚེས་ ༡༨ ཉིན་ཇར་མན་གྲོང་ཁྱེར་ཧ་ནོ་ཝར་ནང་རྟེན་གཞི་བྱས་པའི་སུད་སི་ལ་ཨིབ་ཚོགས་ཁང་ (Swiss Life Hall) ནང་མི་གྲངས་ལྔ་སྟོང་བརྒལ་བར་བཀའ་སློབ་སྩལ།
ཕྱི་ཚེས་ ༡༨ ཉིན་ཇར་མ་ནིའི་གྲོང་ཁྱེར་ཧ་ནོ་ཝར་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ (Hardenbergsches Haus) ཚོགས་ཁང་དུ་གསར་འགོད་པ་ཚོ་དང་། ཕྱི་ཚེས་ ༡༩ ཉིན་ཇར་མན་གཞོན་སྐྱེས་ཚོར་བྱམས་བརྩེའི་སྐོར་བཀའ་སློབ། ཕྱི་ཚེས་ ༢༠ ཉིན་ཇར་མ་ནི་གྲོང་ཁྱེར་ཧ་ནོ་ཝར་རྟེན་གཞི་བྱས་པའི་ཝི་ཏི་ནམ་ནང་པའི་དགོན་པ་ཝེན་གྷེ་ཝི་ཏི་ནམ་དུ་ཆིབས་སྒྱུར་གྱིས་མཛད་འཕྲིན་རྒྱ་ཆེ་བསྐྱངས་གྲུབ་མཚམས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱི་ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་ཚེ་རིང་དོན་གྲུབ་མཆོག་དང་། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ། དེ་བཞིན་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་ལག་ཏུ་དྲི་བསང་བདུག་སྤོས་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། །