༢༠༡༣ ཟླ་ ༩ ཚེས་ ༢༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་དུ་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མར་ Mr Indresh Kumar མཆོག་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དགུ་པའི་སྐབས་ཟུར་ཉན་དུ་བཅར་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ནང་ངོ་སྤྲོད་ཞུས་པར་ཚོགས་བཅར་བ་ཚང་མས་དགའ་བསུ་ཞུས་ཡོད།
དེ་བཞིན་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་ཧི་མཱ་ལ་ཡིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Indo-Tibetan Himalayan Parivar དང་རྒྱ་གར་རྒྱལ་ཡོངས་སྒྱུ་སྩལ་དང་རིག་གཞུང་གཅེས་སྐྱོང་ཐེབས་རྩ་ཁང་གཉིས་ (Indian National Trust for Arts & Cultural Heritage) ཀྱིས་གོ་སྒྲིག་འོག་ཀང་ར་རྫོང་ལས་ཁུངས་ཀྱི་ཚོགས་ཁང་ (Zila Parishad Hall) ཞིག་ཏུ་གཞས་སྣ་འཁྲབ་སྟོན་ཞིག་གཟིགས་འབུལ་ཞུས་ཡོད། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པ་ (TIPA) དང་རྒྱ་གར་མཐོ་སློབ་ཀྱི་སློབ་ཕྲུག་ཁག་གཅིག་གིས་ཡུལ་ལུང་སོ་སོའི་ཐུན་མིན་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ཞིག་འཁྲབ་སྟོན་ཞུས་ཡོད། དེ་ལྟར་འཁྲབ་སྟོན་བརྒྱུད་ནས་ཞལ་འདེབས་ཇི་བྱུང་རྣམས་རྒྱ་གར་བྱང་ཕྱོགས་ཁུ་ནུའི་ས་ཁུལ་དུ་ Kinnaur district རང་བྱུང་གོད་ཆག་ཕོག་པའི་ངལ་སེལ་ཆེད་གནང་རྒྱུ་ཡིན་འདུག
དེ་ཡང་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མར་Mr Indresh Kumarམཆོག་དང་། བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡི་ཤེས་ཕུན་ཚོགས་ལགས། རྡ་སར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་སྦྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སིང་མན་ཀོ་ཊི་ཡ་Mr Ajay Mankotiaམཆོག་ཡིན་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྤེལ་ཚན་པས་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། དེ་བཞིན་ཧིན་སྐད་ཐོག་བོད་དང་བོད་མི། ཞེས་པའི་དཔེ་དེབ་སོགས་འགྲེམས་སྤེལ་ཞུས་ཡོད།།