༢༠༡༣ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༨ ཉིན་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག བོད་རིགས་བུ་མོ་ཤི་ལོག་སྒྲོལ་མ་ལགས་ཀྱིས་སྤྱི་རྒྱ་ ༦༣ པའི་གྱད་རྩལ་འཇུ་རེས་ཀྱི་འགྲན་སྡུར་ལ་གསེར་གྱི་རྟགས་མ་བླངས་འདུག
དེ་ཡང་གོང་ཚེས་ཉིན་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་རུ་ཁག་ནས་ཡིན་པ་རང་ལོ་ ༢༦ ཅན་གྱི་བོད་རིགས་བུ་མོ་ཤི་ལོག་སྒྲོལ་མ་ལགས་ཀྱིས་ སྤྱི་རྒྱ་ ༦༣ པའི་གྱད་རྩལ་འཇུ་རེས་ཀྱི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད། ཁོ་མོ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་སྡུར་ཁྲོད་ཨང་དང་པོ་ལེན་མཁན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་བ་ཐོག་མ་དེ་ཆགས་ཡོད་འདུག
ཤི་ལོག་སྒྲོལ་མ་ལགས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་བུ་སྐྱིད་གྲོང་བརྡལ་གྱི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་ནང་དུ་སྐྱེས་ཤིང་། རང་ལོ་ ༡༥ ཙམ་ནས་བཟུང་གྱད་རྩལ་འཇུ་རེས་ཀྱི་སྦྱོང་བརྡར་བྱེད་འགོ་བཙུགས་འདུག ཕྱི་ལོ་ ༢༠༠༥ ལོར་བོད་རང་སྐྱོང་ལྗོངས་ལུས་རྩལ་རུ་ཁག་ནང་འཛུལ་ཞུགས་ཀྱིས་པེ་ཅིན་ལུས་རྩལ་སློབ་ཆེན་དུ་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་གནང། ཕྱི་ལོ་ ༢༠༡༠ ལོར་རྒྱལ་ཁབ་གྱད་རྩལ་འཇུ་རེས་ཀྱི་ལུས་རྩལ་བའི་གྲས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཊར་ཀི་(Turkey) ནང་སྐོང་ཚོགས་བྱས་པའི་འཛམ་གླིང་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་སྤྱི་རྒྱ་ ༦༧ པའི་གྱད་རྩལ་འཇུ་རེས་འགྲན་སྡུར་དང་། འདི་ལོའི་ཕྱི་ཟླ ༤ པའི་ནང་རྒྱ་གར་དུ་ཚོགས་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བཅས་ལས་ཨང་དང་པོ་ཐོབ་ཡོད་འདུག་པ་བཅས།།