༢༠༡༣ ཟླ་ ༨ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ ནས་ཕྱི་ཚེས་ ༢༣ བར་རྒྱ་ནག་ནང་ཡོད་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་ལྕམ་སྐུ་ཕ་རན་སིས་ཨེ་ཌམ་སོན་ Frances Adamson མཆོག་གིས་འདས་པའི་ལོ་གཉིས་སྔོན་ནས་ལས་འཁུར་ཞུས་པ་ནས་བཟུང་རྒྱ་ནག་གཞུང་ལ་བོད་ནང་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་ཞུས་པ་དེར་ད་ཆ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་གཅིག་གི་ནང་བསྐྱོད་རྒྱུར་ཆོག་མཆན་ཐོབ་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ ནས་ ༢༣ བར་བོད་རང་སྐྱོང་ལྗོངས་ཁུལ་དུ་གཟིགས་སྐོར་ཕེབས་འདུག དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཡོད་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། གཞུང་ཚབ་པ་མཆོག་ལྷ་ས་དང་ལྷོ་ཁ་ཁུལ་གྱི་སྣེ་གདོང་རྫོང་དུ་གཟིགས་སྐོར་གནང་སྐབས་ས་གནས་འགོ་བྱེད་ཚོ་དང་ལྷན་བོད་ནང་གི་གནས་སྟངས་སྐོར་གྲོས་བསྡུར་གནང་ཡོད་པ་མ་ཟད། ཨོ་སི་ཊ་ལི་ཡའི་གཞུང་གི་རོགས་སྐྱོར་གནང་བཞིན་པའི་འཕྲོད་བསྟེན་དང་ཞིང་ལས་ཀྱི་ལས་གཞི་ཁག་ལ་གཟིགས་སྐོར་ཡང་གནང་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་གསར་འགོད་པ་ཁག་གཅིག་ལ་ཕྱི་ཚེས་ ༢༠ ནས་ ༢༥ བར་ཉིན་གྲངས་ལྔའི་རིང་བོད་ནང་འགྲོ་རྒྱུའི་ཆོག་མཆན་སྤྲད་ཡོད། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གྷེ་རི་ལོཀ་མཆོག་བོད་ནང་ཕེབས་སྐབས་རྒྱ་ནག་གཞུང་གིས་བོད་མི་རྣམས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་བཞིན་ཡོད་པའི་རྣམ་པ་སྟོན་ཆེད་ལྷ་ས་དང་ས་གནས་གཞན་ཁག་ནས་དྲག་ཆས་ཉེན་རྟོག་པ་དང་དམག་མི་ཕྱིར་བསྡུ་བྱས་ཡོད། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་སྐུ་ཚབ་དང། རྒྱལ་སྤྱིའི་གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་མི་རང་ལུས་མེར་སྲེག་གཏོང་སའི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་མི་ ༡༢༠ ཡིས་རང་ལུས་མེར་སྲེག་བཏང་ཡོད། རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ཀྱིས་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང། བོད་མིར་རང་དབང་དགོས་ཞེས་འབོད་སྒྲ་སྒྲོག་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ཡང་ནས་ཡང་དུ་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ཞིབ་འཇུག་སླད་སྐུ་ཚབ་ཆེད་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པ་ཡང་བོད་ནང་འགྲོ་བསྐྱོད་བཅུག་དགོས་པའི་དགོས་འདུན་འདོན་བཞིན་ཡོད།