༢༠༡༣ ཟླ་ ༨ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༤ ཉིན་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། འདི་ཟླའི་ཕྱི་ཚེས་ ༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཞིག་གིས་རིང་མིན་འཚོགས་ལ་ཉེ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་དེ་བཞིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ཁོངས་སུ་འཇུག་རྒྱུར་དགག་པ་རྒྱག་དགོས་པ་མ་ཟད། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་མཁན་གྱི་རྒྱལ་ཁབ་གཞན་ལ་ཡང་དེ་ལྟར་བྱེད་དགོས་པའི་དྲན་བསྐུལ་གནང་དགོས་པའི་གྲོས་གཞི་ཞིག་བཏོན་གནང་འདུག
སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་དེས་གསུང་གསལ། དེ་སྔོན་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱིི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཚུད་རྒྱུའི་གན་རྒྱ་ཞིག་གི་ཐོག་མིང་རྟགས་བཀོད་ཡོད་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁག་ལ་རྩིས་མེད་རྡོག་རོལ་བཏང་སྟེ་མང་ཚོགས་ལ་དྲག་གནོན་བྱ་རྒྱུ་སོགས་ཀྱི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་རྒྱུ་དང་འགལ་ཟླ་ཆགས་ཡོད་པར་བརྟེན། རྒྱ་ནག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱུན་ལས་ཁོངས་སུ་བཅུག་རྒྱུའི་ཐོབ་ཐང་ཡང་མེད་པ་ཆགས་ཡོད། དེར་བརྟེན་རྒྱ་ནག་གི་ཚབ་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་མཁན་གྱི་རྒྱལ་ཁབ་ཞིག་ཚོགས་མིའི་ཁོངས་སུ་འཇུག་དགོས། ཞེས་གསུངས་འདུག་པ་བཅས། །