༢༠༡༣ ཟླ་ ༨ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༥ རེས་གཟའ་ཉི་མའི་ཉིན་ཨ་རིའི་མངའ་སྡེ་ལོ་སི་ཨན་ཇི་ལེ་སིའི་ Los Angeles གནམ་ཐང་དུ་ཕེབས་སྐབས་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་ཉེ་འགྲམ་དུ་ཡོད་པའི་ཡི་ཤུའི་ལྷ་ཁང་གི་གསོལ་མགྲོན་ཁང་དུ་ཕེབས་ཏེ། ས་གནས་བོད་མི་ཚོར་གསུང་བཤད་གནང་བའི་ནང་དོན་གཙོ་བོ་ནི། འབྱུང་འགྱུར་བོད་མིའི་རྩ་དོན་གྱི་འཐབ་རྩོད་ཁ་ཕྱོགས་ཇི་འདྲ་ཞིག་ཏུ་འགྲོ་མིན་དེ་གཙོ་བོ་བོད་མི་གཞོན་སྐྱེས་ཚོར་རག་ལུས་ཡོད། དེང་སྐབས་ང་ཚོའི་ཕྲག་སྟེང་དུ་བོད་དེ་བཞིན་ཆགས་འཇིག་གི་གནས་སྟངས་འོག་ལས་སྐྱོབ་དགོས་པའི་ཛ་དྲག་གི་ལས་འགན་ཧ་ཅང་ལྕི་མོ་ཞིག་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་ང་ཚོའི་མི་ཐོག་གོང་མ་ཚོ་ལས་ལྷག་པ་དཀའ་ལས་བརྒྱབ་ནས་རང་ནུས་གང་ཡོད་ཐོག་ཁྱད་ལས་པ་གང་མང་ཐོན་ཐབས་གནང་དགོས་པ་མ་ཟད། སློབ་སྦྱོང་དེ་རང་ཉིད་མི་སྒེར་ཞིག་གི་འཚོ་བའི་མདུན་ལམ་ཙམ་ལ་དམིགས་པ་ཞིག་མིན་པར། མི་རིགས་ཤིག་གི་འཐབ་རྩོད་ལ་ཞབས་འདེགས་ནུས་པ་འཐོན་པ་ཞིག་བསྒྲུབ་དགོས་བསམ་པའི་སྙིང་སྟོབས་དང་ཆོད་སེམས་ཐོག་ནས་སློབ་སྦྱོང་ཧུར་ཐག་བྱེད་དགོས་པ་དང། བོད་ནང་གི་གནས་སྟངས་ལྟ་བུར་ཆ་མཚོན་ན་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་སྙན་ཐོ་བཏོན་པའི་ནང་བོད་ནང་རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་ས་ཡ་མང་པོ་འབྲོག་ས་ནས་བཙན་དབང་འོག་ས་ཁང་ནང་གཏན་སྡོད་བྱས་བཅུག་པར་བརྟེན། བོད་མི་དེ་དག་ལ་འཚོ་བའི་མདུན་ལམ་གང་ཡང་མེད་པའི་གནས་སྟངས་ཐབས་སྡུག་འོག་གནས་བཞིན་ཡོད་པ་སོགས་འཁོད་ཡོད་སྐོར་གསུངས།
དེ་ཡང་སྲིད་སྐྱོང་མཆོག་གིས་ཐེངས་འདིར་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་ཁག་གཅིག་དང་མཇལ་འཕྲད་གནང་བ་མ་ཟད། བོད་མིའི་དགོན་པ་ཁག་ལ་མཆོད་མཇལ། དེ་བཞིན་ས་གནས་བོད་མི་ཚོར་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད། དེ་མིན་ཨ་རིའི་ལྷོ་ཕྱོགས་ཁལ་ལི་ཕོར་ནི་ཡའི་ Southern California ས་ཁུལ་གྱི་ས་གནས་བོད་རིགས་ཚོགས་པས་གསུང་དོན་ལྟར་ན། སན་ཌི་ཡ་གོ་ San Diego ནས་སན་ཏ་བྷར་བྷ་རའི་ Santa Barbara བར་བོད་མི་གྲངས་ ༢༦༨ ལྷག་ཡོད་འདུག