༢༠༡༣ ཟླ་ ༨ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ནཱག་པུར་ཕེབས་འབྱོར་གནང་ཡོད།
ཉིན་དེའི་སྔ་དྲོ་སྲིད་སྐྱོང་མཆོག་ཐོག་མར་མཱ་ཧཱ་རཤ་ཊའི་མངའ་སྡེའི་གྲོང་ཁྱེར་ནཱག་པུར་གྱི་གནམ་ཐང་དུ་ཕེབས་འབྱོར་སྐབས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(RSS) ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུའི་འཚམས་འདྲི་ཞུས་འདུག དེ་ནས་གནམ་ཐང་གི་ཕྱི་རོལ་དུ་ནཱག་པུར་དུ་རྟེན་གཞི་བྱས་པའི་(Bharat Tibet sahyog Manch) དང་ (Bharat Tibet Mitra Sang)ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་གནད་ཡོད་མི་སྣ་ ༤༠ བརྒལ་བས་ཕེབས་བསུའི་སྣེ་ལེན་ཞུས་འདུག དེ་རྗེས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་ཁུངས་ཨ་མ་དེ་ནཱག་པུར་ཆགས་ཡོད་སྟབས། དེར་སྲིད་སྐྱོང་མཆོག་ཆེད་ཕེབས་ཀྱིས་ཁུལ་དེའི་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
དེ་ནས་རྒྱ་གར་གྱི་རྩ་ཁྲིམས་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷིམ་རའོ་་ཨེམ་བྷེ་དེ་ཀར་ (B. R. Ambedkar) མཆོག ཕྱི་ལོ་ ༡༩༥༦ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་རྒྱ་གར་ཧིན་དུའི་ཡུལ་མི་གྲངས་ ༣༨༠༠༠༠ དང་ལྷན་ནང་པར་འགྱུར་ཆེད་སྡོམ་པ་འབོགས་ཆོག་གནང་སའི་གནས་ཆེན་(Deekshabhoomi) ཞེས་པར་གནས་གཟིགས་གནང། དེ་ནས་བྷན་ད་ར་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ཕེབས་ལམ་དུ་བྷན་ད་ར་གྲོང་ཁྱེར་གྱི་སར་ཀི་ཊི་ཧ་འོ་སིའི་ (Circuit House) ནང་གུང་ཚིགས་བཞེས། སྐབས་དེར་རྒྱ་གར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་གིས་སྲིད་སྐྱོང་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ཡུལ་མི་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠ བརྒལ་བར་གསུང་བཤད་དང། གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
ཕྱེད་ཡོལ་ཙམ་ལ་སྲིད་སྐྱོང་མཆོག་བྷན་ད་ར་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་གསེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་པ་དང། ས་གནས་གཞོན་ནུ་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་དགོན་པ་གཉིས་ལ་མཆོད་མཇལ་ཞུས་རྗེས་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་སྦྲེལ་བཅས་ལ་འཚམས་གཟིགས་གནང་ཡོད། དེ་ནས་སྲིད་སྐྱོང་མཆོག་གིས་ཐོག་མར་བྷན་ད་ར་བོད་མིའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྗེས་བྷན་ད་ར་ས་གནས་མི་མང་རྣམས་ལ་གསུང་བཤད་གནང་དོན།
བཀའ་ཤག་སྐབས་བཅུ་བཞི་པས་འགན་འཁུར་སྐབས་ཐོག་མར་འགན་ཧ་ཅང་ཆེན་པོ་ཆགས་ཡོད།
གང་ཡིན་ཞེ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་པར་བརྟེན་ང་ཚོ་ཚང་མར་གནས་སྟངས་གང་འདྲ་ཡོང་ངམ་སྙམ་པའི་ཧ་ཅང་སེམས་ཁྲལ་བྱུང་ཡོད། ལོ་རྒྱུས་ཀྱི་ཐོག་ནས་འགྱུར་བ་ཧ་ཅང་ཆེན་པོ་ཞིག་འགྲོ་གི་ཡོད། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་གསོལ་རས་སྩལ་གྱི་ཡིན་ཞེས་བཀའ་ཕེབས་པར་བརྟེན།ང་ཚོ་ཚང་མས་འགན་འཁྱེར་དགོས་ཀྱི་ཡོད། འོན་ཀྱང་ལོ་གཉིས་གོང་ང་ཚོ་ཚང་མར་སེམས་འཚབ་ཧ་ཅང་བྱུང་ཡོད།
ལོ་གཉིས་མིན་ཙམ་དེར་རྒྱབ་ཤིག་བརྒྱབ་སྟེ་བལྟས་ན་བྷན་ད་ར་གཞིས་ཆགས་མཚོན་པའི་བོད་མིའི་གཞིས་ཆགས་གཞན་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་གནང་མཁན་སོགས་མི་མང་ཚང་མ་ལྷིང་འཇགས་པོ་ཆགས་འདུག དེ་ག་རེ་མཚོན་གྱི་ཡོད་ཅེ་ན། ང་ཚོ་ཚང་མས་༸གོང་ས་མཆོག་གི་འཆར་སྣང་དང་བཀའ་དགོངས་གཞིར་བཟུང་འགན་འཁྱེར་ཏེ་ཕྱར་གྲུ་མཉམ་འདེགས་གནང་བར་བརྟེན་ལྷིང་འཇགས་པོ་ཆགས་པ་ཧ་ཅང་གསལ་པོ་རེད། ང་ཚོ་ཚང་མས་ལོ་གཉིས་མིན་ཙམ་ནང་དཀའ་ལས་བརྒྱབ་སྟེ་ལྷིང་འཇགས་ཆགས་པ་དངོས་གནས་གཟི་བརྗིད་རེད་བསམས་ཀྱི་ཡོད། གང་ལ་ཞེ་ན། རྒྱ་ནག་གཞུང་གི་ནང་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཚོས་བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་དེ་གང་འདྲ་ཞིག་བྱེད་མིན་བལྟས་ནས་བསྡད་ཡོད
། བོད་ནང་གི་བོད་མི་ཚོས་ཀྱང་གང་འདྲ་ཞིག་བྱེད་ཡོང་སྙམ་སྟེ་སེམས་ཁྲལ་ཏན་ཏན་གནང་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ང་རང་རྒྱལ་སྤྱིའི་སྡིངས་ཆ་དང་ས་ཆ་གང་ལ་གང་ཙམ་ཞིག་ལ་བསླེབས་ཐུབ་པ་མ་ཟད། གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང། སྐབས་དེར་མང་ཆེ་བས་༸གོང་ས་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་པ་དེར་བསྔགས་བརྗོད་དང་སྦྲགས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་འདུག ད་ལྟ་བཙན་བྱོལ་ནང་ལྷིང་འཇགས་ཡོད་པ་དེ་དག་ཚང་མ་བཀའ་ཤག་གི་མི་དྲུག་གི་འཇོན་པ་ཞིག་མིན་པར། གཙོ་བོ་མི་མང་གི་ཐོག་ནས་རྡོག་རྩ་ཆིག་སྒྲིལ་དང་ཕྱར་གྲུ་མཉམ་འདེགས་གནང་བར་བརྟེན་ནས་ཡིན། ཞེས་གསུངས་ཡོད།