༢༠༡༣ ཟླ་ ༨ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་ཕྱི་ཟླ་ ༧ ཚེས་ ༤ ཉིན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཕེབས་ཐོན་གྱི་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ཁུལ་དུ་ཧིན་དྷུའི་ལྷ་ཁང་ (Hare Krishna ISKCON Temple, Bangalore) དང་བོད་མིའི་གཞིས་ཆགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་བྱེས་གྲྭ་ཚང་དུ་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཆིབས་སྒྱུར་བསྐྱངས་པ་མ་ཟད།
འབྲས་སྤུངས་བླ་སྤྱིས་དབུས་གྲྭ་ཚང་ཁག་གི་དགེ་འདུན་པ་དང་བགྲེས་སོང་རྣམས་ལ་བླང་དོར་བཀའ་སློབ། ཕྱི་ཚེས་ ༢༡ ཉིན་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་སྒྲོལ་དཀར་གྱི་ཚེ་དབང་དང་ཆོས་འབྲེལ། ཕྱི་ཚེས་ ༢༢ ཉིན་དགེ་འདུན་པ་ཁག་གཅིག་ལ་བསྙེན་རྫོགས་སྡོམ་པ་འབོགས་ཆོག་སྩལ་ཡོད། ཕྱི་ཚེས་ ༢༤ ཉིན་དགའ་ལྡན་བླ་སྤྱིར་མགོན་པོ་གང་ཉིད་མཆོག་གིས་དགེ་འདུན་པ་ཞལ་གྲངས་ ༩༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་དང་དགའ་ལྡན་ཚོགས་ཆེན་འདུ་ཁང་དུ་དགའ་ལྡན་ཤར་བྱང་གཉིས་ཀྱི་སློབ་གཉེར་བའི་མཚན་ཉིད་རྩོད་གྲྭར་གཟིགས་ཞིབ་དང་ཆོས་འབྲེལ་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་གྲོང་ཁྱེར་པུ་ནེར་རྒྱ་གར་ནང་པ་ཁག་གཅིག་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཆོས་འབྲེལ་དང་ཧིན་རྡུའི་བླ་ཆེན་ཝ་སི་ཝི་ནིའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ། ཕྱི་ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་སྒྱུར་གྱི་ཞི་བའི་ཚལ་ཕོ་བྲང་དུ་ཉིན་གྲངས་ ༢༡ རིང་སྐུ་མཚམས་ལ་བཞུགས་ཞག་མཛད་དེ་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་སྐུ་མཚམས་གྲོལ་རྗེས་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བའི་ནང་དད་ལྡན་མི་དམངས་ ༥༠༠༠ བརྒལ་བར་སྒྲོལ་དཀར་གྱི་ཚེ་དབང་དང་ཆོས་འབྲེལ་སྩལ་རྗེས་ཕྱི་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང། ཁྲིམས་ཞིབ་པ་གཞན་ཚེ་རིང་དོན་གྲུབ་མཆོག་གིས་གཙོས་ལྷན་ཁང་ཁག་གཅིག་གི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་དད་ལྡན་མི་མང་བརྒྱ་ཕྲག་མང་པོས་ལག་ཏུ་དྲི་བསང་བདུག་སྤོས་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།