༢༠༡༣ ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཕྱི་དྲོ་རྡ་ས་ནས་ཕྱོགས་ཐོན་གྱིས་ཕྱི་ཚེས་ ༣ ཉིན་བྷེང་ལོར་དུ་ (XSEED) ཚོགས་པ་ནས་གོ་སྒྲིག་ཞུས་པའི་སློབ་གྲྭའི་འགོ་ཁྲིད་ཀྱི་དཀའ་ངལ་སེལ་ཐབས། ཞེས་པའི་བརྗོད་གཞིའི་ལྷན་ཚོགས་སུ་ཕེབས། དེ་རྗེས་བྷེང་ལོར་ཁུལ་གྱི་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་བོད་པའི་སློབ་མ་རྣམས་དང་ཐུག་འཕྲད་གནང་བ་མ་ཟད། སྐབས་དེར་ཤེས་རིག་དྲུང་ཆེས་ལམ་སྟོན་དང་སློབ་མའི་དྲི་བ་དྲིརྣམས་ལ ལན་འདེབས་ཀྱང་གནང་། དེ་ནས་ཕྱི་ཚེས་ ༥ དང་ ༦ ཉིན་ཤེས་རིག་དྲུང་ཆེས་ཀོ་ལི་གྷལ་ཉིན་སློབ་ཏུ་གཟིགས་ཞིབ་དང་། མང་ཚོགས་ལ་ལམ་སྟོན་གསུང་བཤད་གནང་།
ཕྱི་ཚེས་ ༧ སྔ་དྲོ་སྦེལ་ཀོབ་བོད་ཁྱིམ་དུ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ ཐེངས་གསུམ་པ་དབུ་འབྱེད་གནང་བ་མ་ཟད། ཕྱེད་ཡོལ་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཀྱི་ཉིན་སློབ་ཏུ་གཟིགས་ཞིབ་དང་དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་གནང་། ཕྱི་ཚེས་ ༨ ཉིན་སྦེལ་ཀོབ་སློབ་གྲྭ་དབུས་མར་གཟིགས་ཞིབ་དང་འབྲེལ། སློབ་ཕྲུག་རྣམས་ལ་གསུང་བཤད་དང་ཡན་ལག་སློབ་ཁག་ཏུ་གཟིགས་ཞིབ་གནང་། ཕྱོགས་མཚུངས་ཕྱི་ཚེས་ ༩ ཉིན་བདེ་སླར་གཞིས་མི་རྣམས་ལ་ལམ་སྟོན་གསུང་བཤད་དང་། ཕྱི་ཚེས་ ༡༠ ཉིན་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ཉིན་སློབ་ཏུ་གཟིགས་ཞིབ་གནང་རྒྱུ་ཡིན་འདུག། ཕྱི་ཚེས་ ༡༢ དང་ ༡༣ བཅས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སློབ་ཁག་ཏུ་གཟིགས་ཞིབ་གནང་གཏན་འཁེལ་ཡོད་པ་བཅས།།