༢༠༡༣ ཟླ་ ༨ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༩ ཉིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་རི་ཨོ་ཨོ་རི་ཡ་ནི་ཨེམ་བྷོ་རོ་སི་ནི་(DR.Mario Oriani Ambrosini)ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་བཙན་བཟུང་དང་དྲག་གནོན། དེ་བཞིན་མི་རིགས་རྩ་མེད་གཏོང་རྒྱུ་དེ་ནི་འགྲོ་བ་མིའི་སྟེང་ཚད་མཐོའི་སྡུག་རྩུབ་ཀྱི་བྱ་སྤྱོད་ཞིག་ཡིན་ཞེས་གསུངས་པ་དང་སྦྲགས། བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་གནད་དོན་ཐོག་བློ་འཚབ་ཆེན་པོ་གནང་འདུག
དེ་ཡང་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་དང་(Inkatha Freedom Party) ཞེས་པའི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་མ་རི་ཨོ་ཨོ་རི་ཡ་ནི་ཨེམ་བྷོ་རོ་སི་ནི་ལགས་ཀྱིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་འཁོད་དོན། ངོས་རང་སྐྲན་ནད་ཀྱི་རྐྱེན་པས་ལྷོ་ཨ་ཕི་རི་ཀ་དང་ལུང་པ་གཞན་པའི་ནང་གང་དང་གང་བྱུང་བཞིན་པའི་གལ་ཆེའི་གནད་དོན་སྐོར་ཤོད་རྒྱུའི་ནུས་པ་མེད་ནའང་། བོད་ནང་གི་ཡིད་སྐྱོའི་གནས་ཚུལ་ཐོན་བཞིན་པ་དེའི་ཐོག་ཁོང་གིས་བློ་འཚབ་ཀྱི་རྣམ་པ་མ་འདོན་ཀ་མེད་བྱུང་སོང་།
རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་ཐོག་ནས་བོད་ནང་གི་བོད་མི་རྣམས་ཀྱི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་མི་རིགས་རྩ༌མེད་དང་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་འགྲོ་བ་མིའི་རིགས་ཀྱི་བྱ་སྤྱོད་དང་འགལ་ཟླ་ཆགས་ཀྱི་ཡོད། དེར་བརྟེན་ད་བར་བོད་ནང་བོད་མི་ ༡༢༠ ཡིས་རང་ལུས་མེར་སྲེག་བཏང་སྟེ་རང་སྲོག་གཅོད་རྒྱུ་གདམས་ཡོད། གལ་སྲིད་བོད་མི་རྣམས་ལ་ཡང་འཛམ་གླིང་སྤྱི་མཚུངས་གྱི་རང་དབང་དང་ཐོབ་ཐང་ཁག་ཡོད་པ་ཡིན་ན། མི་ཚེ་ཞི་བདེ་ལྡན་པ་ཞིག་སྐྱེལ་རྒྱུའི་མངོན་འདོད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲན་གནོན་དང་བཙན་བཟུང་མུ་མཐུད་བྱས་པར་བརྟེན་རང་ལུས་མེར་སྲེག་བཏང་སྟེ་རང་སྲོག་གཅོད་རྒྱུ་དེ་གདམ་ཁ་བྱས་ཡོད།
རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་ཚང་མ་ལྷིང་འཇགས་ཡོད་མདོག་མདོག་གི་བཅོས་མའི་རྣམ་འགྱུར་དེ་ཡུན་རིང་པོར་གནས་ཐུབ་ཀྱི་མ་རེད། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་སྐུ་ཚབ་དང་མཁས་དབང་བཅས་བོད་ནང་ཕེབས་བཅུག་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འགྲོ་བསྐྱོད་ཆོག་པའི་དགོས་འདུན་ཁག་ལ་བསམ་ཤེས་བྱེད་དགོས་རེད།
རྒྱ་གཞུང་གིས་བོད་མི་རྣམས་ཀྱིས་དཀའ་སྡུག་སེལ་རྒྱུའི་ཚབ་ཏུ་བོད་མི་ ༡༢༠ རང་ལུས་མེར་སྲེག་མ་བཏང་ཐབས་མེད་བཟོས་པ་དེས་རྒྱལ་སྤྱིའི་ནང་རྒྱ་གཞུང་ལ་ཆེ་མཐོང་དང་ཡིད་ཆེས་ཆ་འཇོག་བྱེད་རྒྱུའི་གོ་སྐབས་དེ་བརླགས་ཡོད། རང་ལུས་མེར་སྲེག་གནང་མཁན་བོད་མི་ ༡༢༠ དེ་དག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིགས་བསྒྲགས་དང་སྒྲོག་བཞིན་ཡོད། ཅེས་བསྒྲགས་གཏམ་ནང་འཁོད་འདུག
གཞི་རྩའི་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ནང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེམ་བྷོ་རི་སོ་ནི་ལགས་དང་སྐུ་ཞབས་སི་ཊིཝ་མོཀ་གྷ་ལ་པ་ལགས་རྣམ་གཉིས་ཀྱིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་བོད་ནང་གི་རང་ལུས་མེར་སྲེག་གི་དོན་རྐྱེན་ཐོག་གླེང་སློང་གནང་ཡོད། སྐབས་དེར་ཁོང་རྣམ་གཉིས་ཀྱི་ལྷོ་ཨ་ཕི་རི་ཀའི་གཞུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་དེར་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་དཀའ་ངལ་དང། དེ་སེལ་བའི་ཐབས་ལམ་གཉིས་ཀ་རྒྱ་ནག་གཞུང་ལ་རགས་ལུས་ཡོད་ཅེས་བརྗོད་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག་དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག དེ་བཞིན་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གི་བོད་མིར་དྲག་རྡུང་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་བྱེད་བཞིན་ཡོད་པར་བརྟེན། རྒྱལ་ཁབ་ཁག་འདྲ་མིན་གྱི་གཞུང་དང་གྲོས་ཚོགས། རྒྱལ་སྤྱིའི་སྤྱི་ཚོགས། དེ་བཞིན་རྒྱ་རིགས་མཁས་དབང་དང་ཤེས་ཡོན་ཅན་མང་དག་གཅིག་གིས་རྒྱ་གཞུང་ལ་ཆེ་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ལན་མང་ཞུས་ཡོད་པ་མ་ཟད། ཕུག་རྒྱང་རིང་པོར་བོད་རྒྱ་དཀའ་རྙོག་སེལ་སླད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།
འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལས་ཟློག་སྟེ་བོད་མི་རྣམས་ཀྱི་ཐོག་དྲག་གནོན་ཚད་ལས་བརྒལ་བ་བྱས་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གིས་དྲག་ཆས་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཡོད། དེ་བཞིན་བོད་མི་རྣམས་ལ་ཁུངས་མེད་སྐྱོན་འཛུགས་འོག་སྲོག་ཁྲིམས་དང་བཙོན་ཁང་ནང་གདུག་རྩུབ་ཚབས་ཆེ་བཏང་དང་གཏོང་བཞིན་ཡོད།