༢༠༡༣ ཟླ་ ༨ ཚེས་ ༢ རེས་གཟའ་པ་སངས།
༼རྩོམ་ཡིག་འདི་ཧོ་ཀུག་ཅེས་པས་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོ་ཤུན་རྒྱ་ཡིག་དྲ་རྒྱའི་ཐོག་འགོད་སྤེལ་བྱས་འདུག༌པ་དང་།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བོད་ཡིག་ཏུ་བསྒྱུར།༽
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༠ ཉིན་དེ་སྔའི་རྒྱ་ནག་དབུས་དམར་ཤོག་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་དབུས་སྒྲིག་བཤེར་ལྷན་ཁང་གི་དྲུང་ཆེ་ཟུར་པ་ལིས་ཁྲང་ཁྲུན་གྱིས་སྨྱུག་མིང་ཡུང་ཁྱུན་ཞེས་བེད་སྤྱད་དེ། ཧྭ་ནན་ཞིང་ཆེན་གྱི་<<ཏ་ཧོ་པའོ་>>ཞེས་པའི་ཉིན་རེའི་གསར་ཤོག་ཐོག <<སྤྲེའུ་ལ་བལྟས་པའི་མྱོང་བ་>>ཞེས་པའི་རྩོམ་ཡིག་ཅིག་འགོད་སྤེལ་བྱས་འདུག
ཕྱི་ཚུལ་ནས་བལྟས་ན་རྩོམ་ཡིག་དེས་སྤྲེའུ་སྐོར་གླེང་ཡོད་ནའང་། དོན་དངོས་ཐོག་ད་ལྟའི་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་ཞི་ཅིན་ཕིང་གི་འཛིན་པའི་སྲིད་བྱུས་གསར་པར་དམིགས་ཏེ་ཟུར་ཟ་བྱས་པ་མ་ཟད། མངོན་གསལ་དོད་པོས་ཞི་ཅིན་ཕིང་གི་དབང་གྲགས་ལ་འགྲན་བསྡུར་བྱས་ཡོད་པ་རེད། དེས་ན། ལིས་ཁྲང་ཁྲུན་གྱི་རྩོམ་ཡིག་དེའི་གོ་དོན་གཙོ་བོ་ག་རེ་ཡིན་པ་དང་། ཁོས་དེ་ལྟར་བྱ་དགོས་དོན་ག་རེ་ཡིན་སྐོར་གྱི་དྲི་བའི་ལན་རྣམས་ཁོ་པའི་རྩོམ་ཡིག་ནང་གསལ་པོར་འཁོད་ཡོད་པ་རེད།
ཁོ་པའི་རྩོམ་ཡིག་དེ་དུམ་བུ་གསུམ་ལ་བགོས་འདུག་པ་སྟེ། ༡༽གདོད་མའི་སྤྱི་ཚོགས་ཀྱི་ཟ་རིགས་ཆ་སྙོམས་བགོ་སྟངས་སྐོར་དང་། ༢༽མ་རྒྱུད་སྤྱི་ཚོགས་ཀྱི་གནད་དོན་སྐོར། ༣༽མི་དང་སྲོག་ཆགས་སེམས་ཅན་དབར་གྱི་འབྲེལ་བའི་སྐོར་བཅས་རེད།
དེ་ཡང་། དང་པོ། གདོད་མའི་སྤྱི་ཚོགས་ཀྱི་ཟ་རིགས་ཆ་སྙོམས་བགོ་སྟངས་སྐོར་ལ་རྩོམ་ཡིག་ནང་འཁོད་དོན། ” ལྟ་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བར་གཞིགས་ན། ག་དུས་ལྟོ་ཆས་བཟའ་བའི་སྐབས། སྤྲེའུ་རྒྱལ་གྱིས་རྫིག་རྔམ་ཆེ་མདོག་གིས་རི་ནས་མར་འབབ་ཏེ་སྔོན་ལ་བཟའ་བ་དང་། སྤྲེའུ་གཞན་རྣམས་དེའི་སྐབས་མདུན་ལ་བཅར་ཕོད་ཀྱི་མེད། སྤྲེའུ་རྒྱལ་གྲོད་པ་བརྒྱགས་ཏེ་ཁ་བྲལ་མཇུག གཞི་ནས་ཟས་ལྷག་རྣམས་སྒྲུག་ནས་ཟ་ཡི་འདུག གལ་ཏེ་སྤྲེའུ་གཅིག་གིས་སྒྲིག་འགལ་བྱས་པ་མཐོང་ཚེ། སྤྲེལ་རྒྱལ་གྱིས་དེ་མ་ཐག་སྤྲེའུ་དེར་ཉེས་ཆད་ནན་པོ་གཅོད་ཀྱི་ཡོད་ན། ཁོ་པའི་”དམིགས་བསལ་དབང་ཆའི་”འདུ་ཤེས་ཇི་ཙམ་ཡོད་པ་ཧ་ཅང་གསལ་པོ་རེད། ”
གདོད་མའི་སྤྱི་ཚོགས་ཀྱི་ཟ་རིགས་ཆ་སྙོམས་བགོ་སྟངས་ཞེས་པའི་ལྟ་བ་དེ། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཉམས་ཞིབ་པ་ཚོས་དམར་ཤོག་གི་སྲོལ་གཏོད་པ་མ་ཁེ་སེ་དང་ཨེེན་ཁེ་སེ་གཉིས་ཀྱི་ལྟ་གྲུབ་སྟེང་ཁ་སྣོན་བྱས་པ་ཞིག་ཡིན་སྐད། ལིས་ཁྲང་ཁྲུན་གྱིས་རྩོམ་ཡིག་ནང་གོ་དོན་ག་རེ་བསྟན་འདུག་ཅེ་ན། འགྲོ་བ་མིའི་སྤྱི་ཚོགས་ནང་འདྲ་མཉམ་ཐོག་ནས་ཁེ་ཕན་བགོས་སྟངས་ཆ་སྙོམས་ཞེས་པའི་གནད་དོན་རྩ་བ་ཉིད་ནས་མེད། མི་འགའ་ཤས་ལ་དང་པོ་ནས་ཁེ་ཕན་ཆེན་པོ་ལོངས་སུ་སྤྱོད་པ་དེ་ནི་ལུགས་མཐུན་སྨོས་མེད་ཡིན་པ་དང་། མི་འགའ་རེར་ཁེ་ཕན་ཉུང་ཙམ་སྤྱོད་རྒྱུ་ཡོད་ཅིང་། ཁ་ཤས་ལ་ཁེ་ཕན་རྩ་བ་ནས་སྤྱོད་རྒྱུ་མེད། དེ་ཡང་ཕྱུག་པོའི་ཁྱིམ་དུ་ཤ་ཆང་རུལ་དྲིས་ཁྱབ། ཕྱི་རོལ་དབུལ་པོ་འཁྱགས་ཤིའི་རུས་པས་ཁེངས། ཞེས་པ་ལྟར་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པ་དེ་འཇིག་རྟེན་གྱི་གནས་ལུགས་ཤིག་རེད། ཞི་ཅིན་ཕིང་གིས་”ཁེ་ཕན་བགོ་འགྲེམས་”དང་། “མང་ཚོགས་ཀྱི་ལམ་དུ་བསྐྱོད་དགོས་”ཞེས་པ། “དམིགས་བསལ་དབང་ཆར་ངོ་རྒོལ་བྱེད༌དགོས་”ཟེར་བ་ནི། ལས་དབང་དང་། མི༌དང་མིའི་དབར་གྱི་འབྲེལ་བ་མེད་པ་བཟོས་པ་དང་གཉིས་སུ་མ་མཆིས།
གཉིས་པ། མ་རྒྱུད་སྤྱི་ཚོགས་ཀྱི་གནད་དོན་སྐོར་རྩོམ་ཡིག་ནང་འཁོད་གསལ། ” སྤྲེའུ་ཁྱུ་ཚོགས་གཅིག་གི་འཚོ་གནས་དང་འཕེལ་རྒྱས་ཡོང་ཐབས་སུ། ཚད་གཞི་ངེས་ཅན་ཞིག་གི་ས་ཆ་དང་ཟ་རིགས་ཐོན་ཁུངས་བདག་བཟུང་དགོས་པར། ངེས་པར་དུ་ནུས་སྟོབས་རྒྱས་པའི་སྤྲེའུ་རྒྱལ་གྱི་སྣེ་ཁྲིད་འོག་སྤྲེའུ་ཚོ་ཁག་གཞན་དང་འགྲན་རྩོད་བྱེད་པ་མ་ཟད། སྤྲེའུ་ཚོ་ཁག་གཞན་དང་ཟ་རིགས་ཐོན་ཁུངས་འཕྲོག་ལེན་བྱེད་དགོས། ཀླ་ཀློའི་དུས་རབས་སུ་འཆི་གསོན་འཐབ་ནས་སྤྲེའུ་རྒྱལ་ཐོན་པ་རེད”དེའི་གོ་དོན་ནི། སྤྱི་ཚོགས་ཤིག་ཕྱི་ནང་གང་དུ་ཡིན་རུང་དྲག་ཤུགས་ལ་བརྟེན་ནས་འཚོ་དགོས། སྤྱི་ཚོགས་ཤིག་དུས་བདེ་ཞི་འཇགས་ཡོང་བའི་བྱ་ཐབས་ལེགས་ཤོས་ནི་”དྲག་ཤུགས་”ལ་བརྟེན་ནས་ཞི་ལྷིང་ཡོང་བ་བྱ་དགོས། ཞི་ཅིན་ཕིང་གིས་”ངལ་རྩོལ་བསྒྱུར་བཀོད་ཀྱི་སློབ་གསོ་”མེད་པ་བཟོ་རྒྱུ་དང་། “ཞི་དུལ་གྱི་བརྟན་རླིང་” ཞེས་པ་ནི་ཡོང་ཐབས་མེད་པ་ཤུགས་ཀྱི་བསྟན་ཡོད་པ་རེད།
གསུམ་པ། མི་དང་སྲོག་ཆགས་སེམས་ཅན་དབར་གྱི་འབྲེལ་བའི་སྐོར་ལ་ཁོ་པའི་རྩོམ་ཡིག་ནང་འཁོད་དོན། “སྤྲེའུ་ཁྱུ་ཚོགས་ལ་ལྟ་ཞིབ་བྱས་པ་བརྒྱུད། མི་དང་སྲོག་ཆགས་སེམས་ཅན་དབར་བསམ་བློ་གཏོང་རྒྱུའི་ནུས་པ་ཡོད་མེད་ཐད་གྲོལ་ཐབས་མེད་པའི་བར་ཐག་ཆེན་པོ་ཞིག་ལྷག་མེད་པར་དེ་ལས་བསམ་ཞིབ་བྱེད་ཤུགས་རྒྱས་དང་མ་རྒྱས་ཀྱི་ཚད་གཞི་ཆེ་ཅུང་ཙམ་ཞིག་རེད། དཔེར་ན། ལོ་བཞི་རེའི་མཚམས་སྤྲེལ་རྒྱལ་བརྗེ་ལེན་བྱེད་སྐབས། དེ་སྔོན་མི་རྣམས་ཀྱིས་སྤྲེའུ་ཕོ་རྣམས་འཛིང་རེས་བྱས་ཏེ་སྤྲེའུ་རྒྱལ་གྱི་གནས་བབ་དང་འཁྲིག་སྦྱོར་གྱི་དབང་ཆ་འཕྲོག་རེས་བྱས་པ་གཉིས་དོན་གཅིག་ཡིན་པ་བསམ་གྱི་ཡོད་ཀྱང་། དོན་དངོས་ཐོག་སྤྲེའུ་ཕོ་རྣམས་ལོ་རེར་ཤ་ཤེད་རྒྱས་ཏེ་ཚིག་ཡོང་སྐབས་ལོ་རེར་ཐེངས་གཅིག་འཁྲིག་སྦྱོར་གྱི་དབང་ཆ་འཕྲོག་རེས་ཆེད་ཐབ་རེས་བྱས་པ་དེ་ནི་གཟུགས་ཁམས་ཀྱི་དོན་ཁོ་ན་ཡིན་ཞིང་།
དེ་ལས་དབྱར་དགུན་ཐེངས་བཞི་ལ་སྤྲེའུ་རྒྱལ་གྱི་དུས་སྐབས་གཅིག་བརྩི་བའི་སྤྲེའུ་རྒྱལ་འཕྲོག་རྩོད་གྱི་བྱ་སྤྱོད་དེ་ནི། “ཆབ་སྲིད་ཀྱི་བྱ་སྤྱོད་ “ཅིག་ཡིན་པས་དེ་གཉིས་དབར་ཁྱད་བར་ཆེན་པོ་ཡོད། རྗེས་མ་དེ་གཟུགས་ཁམས་སྐྱེ་ལུགས་ཀྱི་དགོས་མཁོའི་ཚད་ལས་བརྒལ་བ་མ་ཟད། སྤྲེའུ་ཕོ་རྣམས་ཀྱི་བསམ་བློའི་ནུས་པ་དང་སྤྲེའུ་ཁྱུ་ཚོགས་དོ་དམ་བྱེད་པའི་ནུས་སྟོབས་ཡོད་པ་མཚོན་ཐུབ་པ་དགོས། སྤྲེའུ་རྒྱལ་བརྗེ་ལེན་གྱི་དུས་མཚམས་སུ། སྤྲེའུ་ཕོ་རྒོད་རྣམས་ཀྱིས་མཇུག་མ་ཡར་བཀྱག་ནས་འཐབ་རེས་ནང་ཞུགས་རྒྱུའི་མངོན་དོད་བསྟན་ནས། སྤྲེའུ་རྒྱལ་ལ་འགྲན་རྩོད་བྱེད་ཀྱི་ཡོད།
ལོ་བཞི་རེའི་འགྲན་རྩོད་ནང་གཟུགས་སྟོབས་ཆེ་བའི་སྤྲེའུ་ཕོ་བཞི་ཙམ་གྱིས་ཕན་ཚུན་ཤི་ཐབ་རོ་ཐབ་ཀྱིས་དམར་འཛིང་བྱས་མཇུག་རྒྱལ་ཁ་ལོན་མཁན་གྱི་སྤྲེའུ་དེ་མཇུག་མ་ཡར་བཀྱག་བཀྱག་བར་སྤྲེའུ་རྒྱལ་བྱས་སྡོད་པ་དང་། ཕམ་ཉེས་ཤོར་མཁན་རྣམས་མཇུག་མ་ཁུམས་ནས་ཐོབ་མཁན་ལ་མགོ་གུར་གྱི་ཡོད། གལ་ཏེ་སྤྲེའུ་རྒྱལ་ཕམ་ཉེས་བྱུང་ཚེ་སྤྲེའུ་ཁྱུ་ནས་ཕུད་དེ་སྤྲེའུ་རྒྱལ་གྱི་གོ་གནས་གསར་པ་ཐོབ་མཁན་ལ་བདག་གི་ཡོད། སྤྲེའུ་ཁྱུ་ཚོགས་ནང་ “མཇུག་མ་ “དེ་དབང་ཐང་ཞིག་ལ་བརྩི་བ་དང། མཇུག་མ་ཡར༌བཀྱག་ཡོད་ན་སྤྲེའུ་རྒྱལ་གྱི་དབང་ཆ་དང་གཟི་བརྗིད་ངོམ་གྱི་ཡོད་པས། བྱ་སྤྱོད་དེ་ནི་མཐོ་རིམ་གྱི་བྱ་སྤྱོད་གཅིག་དང་གཉིས་སུ་མེད། ”
གོང་གསལ་རྩོམ་ཡིག་ནང་དོན་གྱི་གོ་དོན་ནི། འགོ་འཁྲིད་ཀྱི་མིའི་གནས་བབ་ནི་འགྲན་རྩོད་བྱས་ཏེ་ཐོབ་ཀྱི་ཡོད། བོ་ཞི་ལའི་ཡིས་རྒྱ་ནག་དམར་གཞུང་ནང་གྱེན་ལྡོག་ཟིང་སློང་བྱས་པའི་བྱ་སྤྱོད་དེ་ལུགས་དང་མཐུན་པ་ཞིག་ཡིན། ཞི་ཅིན་ཕིང་གིས་བོ་ཞི་ལའི་ལ་ཉེས་ཆད་གཅོད་པ་དེ་མ་འགྲིགས་པ་རེད་ཅེས་བསྟན་འདུག
གོང་གནས་ཕྱོགས་བསྡུས་ཏེ་གླེང་ན། ལིས་ཁྲང་ཁྲུན་གྱིས་ “གཡོན་ཕྱོགས་ “ཤོག་ཁའི་ཕྱི་གོས་ཤིག་གྱོན་དབང་དུ་བཏང་ཡང་། དོན་དུ་ཁོ་པ་ནི་རྒྱ་ནག་དམར་གཞུང་གི་དབང་འཛིན་ཤོག་ཁའི་ནང་གི་ “ཐོབ་ཟིན་པའི་ཁེ་ཕན་རུ་ཚོགས་ “ཀྱི་ཚོགས་མི་དྲག་གྲས་ཤིག་ཡིན་སྟབས། ཞི་ཅིན་ཕིང་གིས་ལག་བསྟར་བྱ་རྒྱུའི་སྲིད་བྱུས་ཀྱིས་ཁོ་པ་དང་འབྲེལ་ཡོད་ཁེ་ཕན་རུ་ཚོགས་ཀྱི་ཁེ་ཕན་ལ་དོ་ཕོག་གཏོང་བར་སླེབས་སྐབས ཁོ་པ་སྡོད་ཚུགས་མ་བྱུང་བར་སྨྱུག་མིང་སྤྱད་དེ་རྩོམ་ཡིག་སྤེལ་བའི་ནང་དོན་དེ་དག་ནས་ཁོ་པའི་ངོ་བོ་གང་ཡིན་པ་དམར་རྗེན་དུ་ཐོན་འདུག
དེ་ལྟར་ན། ད་ལྟའི་རྒྱ་ནག་གཞུང་གི་དབང་འཛིན་པ་ཞི་ཅིན་ཕིང་ལ་ཏང་སྲིད་དམག་གསུམ་གྱི་དབང་ཆ་གཅིག་ཏུ་ཡོད་དབང་དུ་བཏང་ཡང་། རྒྱལ་ཁབ་དང་མི་མང་ལ་ཕན་པའི་ཆབ་སྲིད་དང་ལམ་ལུགས་ཀྱི་འགྱུར་བ་གང་ཞིག་གཏང་འདོད་ཡོད་ཀྱང་། ལིས་ཁྲང་ཁྲུན་དང་འདྲ་བའི་རྒྱ་ནག་དམར་གཞུང་གི་དབང་འཛིན་ཤོག་ཁའི་ནང་གི་ ” ཐོབ་ཟིན་པའི་ཁེ་ཕན་རུ་ཚོགས་ “ཀྱི་མི་སྣ་དེ་དག་འགྱུར་བ་མ་ཕྱིན་ན། ར་འཕག་ཀྱང་ཀ་བ་སློག་མི་ཐུབ་པའི་དཔེ་ལྟར་རྒྱ་ནག་ནང་འགྱུར་བ་ཡོང་རྒྱུ་ཞེས་པ་ནི། ཉིན་མོའི་སྐར་མ་འོ།། །།
མཐའ་མའི་བསྡོམས་འདི་བསྒྱུར་མཁན་གྱི་སྦྱརོ།