༢༠༡༣ ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ ཉིན་རྡ་ས་བོད་མིའི་མདུན་ལམ་སློབ་སྟོན་ཁང་དུ་མཐོ་རིམ་སློབ་གཉེར་འགྲིམ་བཞིན་པའི་སློབ་ཕྲུག་ཁག་གཅིག་ལ་ལས་རིགས་འཚོལ་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་གྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཐོག་སྐུ་མགྲོན་གཙོ་བོ་རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་དང་། ཟབ་ཁྲིད་པ་རྒྱ་གར་ལྷོ་ཕྱོགས་མེངྒ་ལོར་ལས་རིགས་འཚོལ་ཐབས་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཀི་རིཤ་ན་པ་ཨེ་ (Krishna PAI) ལགས། བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས། འབྲེལ་ཡོད་ལས་བྱེད་དང་མཐོ་སློབ་ཁག་གི་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་སློབ་ཕྲུག་ཁག་གཅིག་ནས་ཟབ་སྦྱོང་གི་མྱོང་ཚོར་ངོ་སྤྲོད་གནང་། དེ་རྗེས་མདུན་ལམ་སློབ་སྟོན་པའི་འགན་འཛིན་
གྱིས་ཟབ་སྦྱོང་གི་དམིགས་དོན་ངོ་སྤྲོད། དེ་བཞིན་ས་གནས་འགོ་འཛིན་གྱིས་གསུང་བཤད་དང་འབྲེལ་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་གནང་གྲུབ་མཚམས། སློབ་ཕྲུག་གི་སྐུ་ཚབ་བཀྲིས་རྒྱལ་མཚན་ལགས་ཀྱིས་ཟབ་ཁྲིད་པ་དང་འགན་འཛིན། སྐུ་མགྲོན་བཅས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དང་མཇལ་དར་ཕུལ་ཡོད། དེ་ནས་རྡ་ས་མདུན་ལམ་སློབ་སྟོན་ཁང་གི་ལས་བྱེད་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
ཐེངས་འདིའི་ལས་རིགས་འཚོལ་ཐབས་ཀྱི་ཟབ་སྦྱོང་ནང་རྒྱ་གར་གྱི་གྲོང་ཁྱེར་ཁག་ནས་མཐོ་སློབ་ཐོན་ལ་ཉེ་བའི་སློབ་ཕྲུག་ཁྱོན་གྲངས་ ༡༦ ལ་ཉིན་བཅུའི་རིང་ཟབ་ཁྲིད་གནང་འདུག་པ་བཅས།།