༢༠༡༣ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་རྒྱ་གར་གྱི་དུས་བབ། The Times of India ཞེས་པའི་དྲ་རྒྱའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོ་ Brahmaputra ཁ་འགྱུར་ཆེད་རྡུལ་ཕྲན་འབར་རྫས་ཐེངས་བཞི་ཙམ་བརྒྱབ་པ་དེས་རྒྱ་གར་གཞུང་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་མ་ཟད། རྒྱ་ནག་གིས་རྒྱ་གར་ལ་ཆུའི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུའི་ཉེན་ཁ་ཡོད་པར་བརྟེན་སེམས་འཚབ་ཆེན་པོ་བཟོས་ཡོད། བོད་ཀྱི་ལྷོ་ཤར་ས་ཁུལ་དང། རྒྱ་གར་ཨ་རུ་ན་ཅལ་པར་དེ་ཤིའི་ Arunachal Pradesh མངའ་སྡེ་དང་ཉེ་འབྲེལ་དུ་ཆགས་པའི་ཀོང་པོ་ཉིང་ཁྲི་ཁུལ་ Nyingtri Prefecture མེ་ཏོག་རྫོང་ Metok county དུ་རྡུལ་ཕྲན་འབར་གས་ཤུགས་ཚད་ཆུང་བ་ལན་འགའ་བྱུང་ཡོད་པའི་གནས་ཚུལ་དེ་སྔ་ཐོན་ཡོད། ས་ཁུལ་དེ་ནི་ཡར་ཀླུང་གཙང་པོའི་འགུག་མཚམས་ The Great Bend of the Brahmaputra འཁེལ་ཡོད། རྡུལ་ཕྲན་འབར་རྫས་རྒྱག་དགོས་དོན་ནི་ཡར་ཀླུང་གཙང་པོ་རྒྱ་ནག་ཕྱོགས་སུ་ཁ་འགྱུར་བྱ་རྒྱུར་འགོག་རྐྱེན་བཟོ་བཞིན་པའི་རི་རྒྱུད་དེ་དག་རྩ་མེད་བཟོས་ནས་ཆུ་ལམ་འགྲོ་བདེ་བཟོ་ཆེད་ཡིན་འདུག རྡུལ་ཕྲན་འབར་རྫས་དེ་ཡང་གཞན་གྱིས་མི་ཚོར་ཆེད་རྒྱ་ནག་གཞུང་གིས་ས་འོག་ཧ་ཅང་དོང་རིང་པོའི་འོག་བརྒྱབ་ཡོད། དེ་ལྟ་བུའི་ཁུངས་ལྡན་གནས་ཚུལ་དེ་ཡང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཤེས་ཚོར་བྱུང་ཡོད་སྐོར་རྒྱ་གར་དུས་བབ་དྲ་རྒྱའི་ཐོག་ལུང་འདྲེན་གནང་ཡོད། མུ་མཐུད་དྲ་རྒྱའི་ཐོག་བཀོད་དོན། ཕྱོགས་མཚུངས་རྒྱ་གར་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་ (National Security Council) གིས་ཨ་རིའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་རོ་བྷ་ཊི་གྷེ་ཊི་སི་ (American defence secretary Robert Gates) མཆོག་དང་ལྷན་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སྐབས་གནད་དོན་དེའི་སྐོར་གླེང་སློང་གནང་ཡོད། འོན་ཀྱང་སྐབས་དེར་ཨ་རིའི་གཞུང་ནས་རྒྱ་ནག་གིས་རྡུལ་ཕྲན་འབར་རྫས་བརྒྱབ་པ་དེ་མཁའ་དབྱིངས་སུ་བཙུགས་པའི་ཨ་རིའི་སྲུང་སྐར་ satellites གྱིས་རྩ་བ་ནས་ཤེས་ཚོར་ཐུབ་མེད་པའི་ངོས་ལེན་ཡང་གནང་ཡོད། དེ་ལྟར་ནའང་སྐབས་དེར་རྒྱ་གར་གཞུང་གི་བདེ་སྲུང་སློབ་སྟོན་པ་གཞོན་པ་ཟུར་པ་སྐུ་ཞབས་ཨེ་སི་ཌི་པར་དན་ (S D Pradhan) མཆོག་ནས་རྒྱ་ནག་གིས་རྡུལ་ཕྲན་འབར་རྫས་བརྒྱབ་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ལ་རྡུལ་ཕྲན་འབར་རྫས་བརྒྱབ་པའི་དཔང་རྟགས་ར་སྤྲོད་གནང་རྒྱུའི་འབད་བརྩོན་ཡང་གནང་ཡོད། རྒྱ་གར་གཞུང་གིས་རྒྱ་ནག་ནས་ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༣ ནང་ས་ཁུལ་དེ་དག་ཏུ་རྡུལ་ཕྲན་འབར་རྫས་བརྒྱབ་ཡོད་པ་རྒྱུ་མཚན་གཉིས་ཀྱི་ཐོག་ནས་གསལ་བཤད་ཐུབ་རྒྱུ་ཡིན།
དེ་ཡང་རྒྱུ་མཚན་དང་པོ་ནི་ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་གཞུང་གིས་གཙང་པོ་ཁ་འགྱུར་བྱེད་ཐབས་བྱས་པར་བརྟེན། རྒྱ་གར་ནང་དེ་སྔ་བྱུང་མྱོང་མེད་པའི་ཆུ་ལོག་ཧ་ཅང་ཆེན་པོ་ཞིག་བྱུང་ཡོད། རྒྱུ་མཚན་གཉིས་པ་ནི་རྒྱ་གར་གསང་བའི་མི་སྣས་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༠ ནང་བོད་ཀྱི་ས་ཁུལ་ཉིང་ཁྲི་ཁུལ་གྱི་སྒང་ལུང་ལའི་ Tibet’s Galung La ཁུལ་དུ་ལས་གཞི་བརྩམས་པ་དང། ས་ཁུལ་དེ་ནི་ཡར་ཀླུང་གཙང་པོ་འགུག་མཚམས་དེ་འཁེལ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ད་བར་ཡར་ཀླུང་གཙང་པོ་ཁ་འགྱུར་ཆེད་རྡུལ་ཕྲན་འབར་རྫས་བརྒྱབ་པའི་ངོས་ལེན་རྩ་བ་ནས་མ་བྱས་པའི་ཁར་ཡར་ཀླུང་གཙང་པོའི་སྟེང་བརྒྱབ་པའི་ཆུ་མཛོད་རྣམས་ཀྱི་ཆུའི་འབབ་ཤུགས་ལ་གནོད་པ་གང་ཡང་བཟོ་ཀྱི་མེད་ཚུལ་བརྗོད་བཞིན་ཡོད།