༢༠༡༣ ཟླ་ ༨ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཙམ་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་དང་། རྒྱལ་སྤྱིའི་དགེ་འདུན་མཆོད་པའི་སྦྱིན་བདག་བྱས་ཐོག་ཐེ་ཝན་གྱི་རྒྱལ་ས་ཐའེ་པེའི་ལིན་ཁུའུ་རྒྱལ་ཡོངས་རྩེད་ཐང་དུ་རྒྱལ་སྤྱིའི་དགེ་འདུན་མཆོད་པའི་ཚོགས་མཆོད་ཐེངས་བཅུ་པའི་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཆེད་དུ་གདན་ཞུས་ཀྱིས་འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་འདུག
སྐབས་དེར་བོད་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་སྔ་འགྱུར་རྙིང་མའི་རྫ་ཀིཿ་ལུང་སྤྲུལ་སྐུ་མཆོག་དང་བཀའ་བརྒྱུད་ཀྱི་མཁན་པོ་ཚུལ་རྣམ་རིན་པོ་ཆེ་མཆོག ས་སྐྱའི་བཀྲ་ཤིས་རིན་པོ་ཆེ་མཆོག དགེ་ལུགས་ཀྱི་སྤྲུལ་སྐུ་ཨ་ཀ་རིན་པོ་ཆེ་མཆོག ཇོ་ནང་གི་འཐུས་ཚབ་ཀཿཐོག་རིག་འཛིན་རིན་པོ་ཆེ་མཆོག་བཅས་ཀྱིས་དབུས་མཁན་སྤྲུལ་དགེ་བཤེས་དང་། བོད་པའི་དགེ་འདུན་པ་བརྒྱ་ལྷག དེ་བཞིན་ཐེ་ཝན་གྱི་བླ་སྤྲུལ་དགེ་འདུན་པ་དང་ས་གནས་དཔོན་རིགས། དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་ཁྲི་ ༢ ལྷག་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་འདུག
སྤྱིར་བཏང་དགེ་འདུན་མཆོད་པ་ནི་ཐེ་ཝན་གྱི་གནས་བརྟན་དང་བླ་ཆེན་ཆེ་ཤོས་ཁག་གིས་དབུ་ཁྲིད་གནང་བའི་རྒྱལ་ཡོངས་ནང་པའི་ལོ་ལྟར་གྱི་ཆོས་ཕྱོགས་ལས་འགུལ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ཐེངས་འདིའི་ཚོགས་མཆོད་སྨོན་ལམ་དུ་རྒྱལ་ཁབ་ཁག་ ༢༣ ལྷག་ནས་ཆེད་ཕེབས་གནང་བའི་ནང་པའི་སྐུ་ཚབ་རྣམས་ཀྱིས་ཕན་ཚུན་ཆོས་བརྒྱུད་ཁག་གི་ལྟ་གྲུབ་ལ་སྦྱངས་བཤད་སོགས་གནང་ཡོད་འདུག