༢༠༡༣ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༤ ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་ཚོགས་ཆུང་གི་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་། འཇིགས་མེད་འབྱུང་གནས་ལགས། བློ་བཟང་ཡེ་ཤེས་ལགས། ཚེ་རིང་གཡུ་སྒྲོན་ལགས། བཅས་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་དང་མ་ཧཱ་ར་ཤི་ཊ་བཅས་སུ་མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་འཐུས་མི། དེ་བཞིན་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་མི་སྣ་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད།
དེ་ཡང་ཕྱི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་པ་རྒྱ་གར་གྱི་དཔལ་འབྱོར་རིག་པའི་མཁས་དབང་གི་གཟེངས་རྟགས་ཐོབ་མཁན་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི། དབྱིན་ཇི་དང་རྒྱ་གར། འབྲུག་བཅས་ཀྱི་དཔལ་འབྱོར་སློབ་སྟོན་པ། རྒྱ་གར་གྱི་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་བྷུ་ཤན་(Padma Bhushan) ཐོབ་མྱོང་མཁན་སྐུ་ཞབས་ལོ་ཊ་མེག་ཎ་ཊི་ངྷེ་སཱ་ཡི་ (Lord Meghnad Desai)མཆོག་དང་མཇལ་འཕྲད་གནང་སྟེ། བོད་དོན་སྐོར་གྱི་གནས་ཚུལ་སྤྱི་དང་ལྷག་པར་ཕྱི་ལོ་ ༢༠༠༩ ནས་བོད་མི་ ༡༢༠ ཡིས་རང་ལུས་མེར་སྲེག་བཏང་བའི་སྐོར་སོགས་ཞུས་ཡོད། སྐབས་དེར་ཁོང་གིས་རྒྱལ་ཁབ་ཀྱི་ཆགས་འཇིག་ཟེར་བ་དེ་ཡོང་ངེས་ཅན་ཞིག་ཡིན་པ་དང་། བོད་ལ་ཡང་ཉིན་ཞིག་གོ་སྐབས་ཡོད་ངེས་རེད། གཙོ་བོ་དབུས་བྱང་གི་ཨ་རི་སོགས་དེ་སྔོན་དེ་ཙམ་འབྲེལ་བ་མེད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་དགོས་ཚུལ་དང་། ལྷག་པར་ཡུ་རོབ་ཕྱོགས་ལ་འབྲེལ་བ་འཇོག་རྒྱུ་གལ་ཆེ་ཡིན་པ་དང་། ཡུ་རོབ་ཕྱོགས་ཀྱི་རྒྱབ་སྐྱོར་དེ་ཁ་ཡོད་ལག་ཡོད་དང་མངོན་གསལ་དོད་པོ་ཡོད་སྐོར་སོགས་གསུང་ཡོད།
ཡང་རྒྱ་ནག་གི་དཔལ་འབྱོར་གནས་བབ་ཐོག་ཁོང་གིས་རྒྱ་ནག་གི་དཔལ་འབྱོར་ཕུགས་འཕེར་བ་ཞིག་མེད་པ་དང་། རྒྱ་ནག་གིས་དཔལ་འབྱོར་ཕྱི་ལ་གཏོང་གང་ཐུབ་བྱས་ཏེ། ནང་གི་དཔལ་འབྱོར་གྱི་དཀའ་ངལ་ཐག་གཅོད་ཐུབ་ཀྱི་མེད་པའི་དབང་གིས། བཟོ་རིགས་མི་སྣ་གཙོ་བོར་གྱུར་བའི་མང་ཚོགས་ཀྱི་དཔལ་འབྱོར་ཐོབ་ཐང་ཇི་བཞིན་མ་རག་པའི་དཀའ་ངལ་དང་སེམས་ཚོར་ཇེ་ཆེ་ཕྱིན་ཏེ། གདོང་ལེན་མི་བྱེད་ཐབས་མེད་ཆགས་པ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་ཡིན་སྐོར་དང་། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ཐོག་དཀའ་ལས་རྒྱག་མཁན་དང་ནུས་པ་ཡོད་མཁན་གྱི་མི་རབས་དེ་རྫོགས་ཏེ། མ་འོངས་པར་རྒྱུན་འཛིན་བྱེད་མཁན་གྱི་མི་རབས་ཁག་པོ་ཆགས་ཀྱི་ཡོད་པ་དང་། མི་རབས་རྗེས་མ་ཚོ་མཐོང་རྒྱ་ཆེ་ཞིང་གུ་ཡངས་ཀྱི་བསམ་བློ་ཅུང་བཟང་བ་ཡོད་སྟབས། རྒྱ་ནག་ཤེལ་གྱི་དཀར་ཡོལ་ལྟར་མཁྲེགས་པོ་དང་ལྟ་སྣང་ལ་སྙིང་རྗེ་པོ་ཡོད་ཀྱང་། ཆག་ཀྲུམ་ཤོར་རྒྱུ་ལས་སླ་བོ་ཡིན་པ་དང་། ཆག་ཚར་རྗེས་ཕྱིར་བཟོ་སྐྲུན་བྱེད་ཐབས་མེད་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཁག་གི་ནང་ཁུལ་མི་མཐུན་པའི་དབང་གིས་ཁག་གཉིས་སུ་གྱར་ཡོད་པ་དེ་ནི། དཀར་ཡོལ་ལ་སེར་ཁ་ཆེན་པོ་ཞིག་གས་བ་ལྟ་བུ་ཡིན་པ་དང་། མི་མང་གིས་དཔོན་རིགས་ཁག་ལ་རྒྱབ་སྐྱོར་མེད་སྟབས། མྱུར་དུ་གས་ཆག་འགྲོ་བའི་རྟགས་མཚན་མང་པོ་ཡོང་གི་ཡོད་སྐོར་སོགས་གསུངས་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༢༩ ཉིན་ནས་བཟུང་སྤྱི་འཐུས་རྣམ་པ་མ་ཧཱ་ར་ཤི་ཊ་མངའ་སྡེའི་ནང་ཕེབས་ཏེ། མངའ་སྡེའི་བློན་ཆེན་གཙོས་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། དེ་རྗེས་གུ་ཇི་ར་ཏི་དང་ར་ཇི་སི་ཐན་བཅས་མངའ་སྡེ་ཁག་གི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འཆར་ཡོད་འདུག