༢༠༡༣ ཟླ་ ༨ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༥ རེས་གཟའ་ཕུར་བུའི་ཉིན་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༦༧ འཁོར་བའི་ཉིན་མོ་སྲུང་བརྩི་དང་སྦྲགས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གཞུང་མང་ལ་འཚམས་འདྲི་ཞུས་ཡོད། དེ་ཉིན་ཞོགས་པ་ཆུ་ཚོད་ ༩ ཐོག་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་། སྲི་ཞུ་བ་ཟུང་དྲུང་ཡན་བཅས་ཚང་འཛོམས་ཐོག་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་གནང་བ་དང་སྦྲགས། རྒྱ་གར་གྱི་རྒྱལ་གླུ་ལེན་ཏེ་དུས་ཆེན་སྲུང་བརྩི་ཞུས་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་བཀའ་ཤག་ཚོགས་ཁང་ནང་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་དང་ལྷན། རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༦༧ འཁོར་བའི་དུས་ཚིགས་ལ་འཚམས་འདྲི་ཞུས་དོན། དེ་རིང་གི་ཉིན་མོ་ནི་རྒྱ་གར་ལ་རང་བཙན་ཐོབ་པའི་ཉིན་མོ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་མང་གཉིས་ནས་བོད་མི་ཚོར་ཁ་ཞེ་གཉིས་མེད་ཀྱིས་མི་ལོ་ ༥༠ ལྷག་ཙམ་རིང་མཐུན་འགྱུར་རོགས་རམ་ཧ་ཅང་རྒྱ་ཆེ་གནང་བར་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ་རྒྱུ་ཡིན། བཙན་བྱོལ་དུ་བོད་མི་མང་ཤོས་འབྱོར་ས་རྒྱ་གར་ཆགས་ཡོད་པ་མ་ཟད། བོད་མི་ཚོར་རྒྱབ་སྐྱོར་དང་རོགས་རམ་རྒྱ་ཆེ་ཤོས་གནང་མཁན་ཡང་རྒྱ་གར་ཆགས་ཡོད། རྒྱ་གར་ནི་ང་ཚོར་མིག་དཔེ་བཟང་པོ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་རྒྱ་གར་འདི་བཞིན་ཕྱོགས་གཅིག་ནས་མང་གཙོ་དང་། ཕྱོགས་གཞན་ནས་བརྗོད་ན་བོད་མིའི་འཐབ་རྩོད་དེ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ནས་རྩ་དོན་རྩོད་བཞིན་ཡོད། དེར་བརྟེན་ང་ཚོས་རྩ་དོན་བསྒྲུབ་ཐུབ་རྒྱུ་ཡིན་པ་ནི་རྒྱ་གར་འདི་དཔེ་མཚོན་ཡག་ཤོས་ཆགས་ཡོད། འཛམ་གླིང་སྤྱི་ཡོངས་ནང་རྒྱལ་ཁབ་དང་རྩ་དོན་རྩོད་མཁན་ལྔ་བཅུ་མིན་ཙམ་ཡོད་པ་དེ་དག་འཚེ་མེད་ཞི་བའི་ལམ་ནས་རྩ་དོན་དེ་རྩོད་ནས་བསྒྲུབ་ཐུབ་པ་བྱུང་སྟབས། ང་ཚོ་བོད་མི་ཚོར་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རྩ་དོན་བསྒྲུབ་ཐུབ་རྒྱུ་རེད་བསམ་པའི་རེ་བ་ཙམ་མིན་པར་ངེས་པར་དུ་བསྒྲུབ་ཐུབ་པའི་དུས་གཅིག་ཀྱང་འཆར་རྒྱུ་རེད་བསམ་བཞིན་ཡོད་ཅེས་གསུངས། དེ་ནས་རྟེན་འབྲེལ་གསོལ་ཇ་དང་མངར་ཟས་གཤམས་ནས་མཛད་སྒོ་གྲོལ།
གཞན་ཡང་དེ་ཉིན་རྡ་ཤོད་ཀ་ཅ་རིའི་ཛི་ལ་པ་རི་ཤ་དི་ཚོགས་ཁང་ (Zila Parishad Hall) དུ་ས་གནས་ཡུལ་མིའི་མཛད་སྒོ་ཚོགས་ཡོད་པར་ཧི་མཱ་ཅལ་མངའ་སྡེའི་ཞིང་ལས་དང་གློག་གི་བློན་ཆེན་སྐུ་ཞབས་སུ་ཇན་སིངྒ་པ་ཊ་ནི་ཡ་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་བློན་ཆེན་ནི་ར་ཇི་བྷར་ཏི་མཆོག ཀངྒ་ར་རྫོང་གི་རྫོང་དཔོན་མཆོག ཉེན་རྟོག་འགོ་དཔོན་མཆོག་་བཅས་ཕེབས་ཡོད་པ་མ་ཟད། རྒྱ་གར་ཡུལ་མི་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་བཅས་ལྷན་འཛོམས་ཐོག་རྒྱ་གར་ལ་རང་བཙན་ཐོབ་པའི་མཛད་སྒོ་སྲུང་བརྩི་ཞུས་ཡོད། མཛད་སྒོའི་སྐབས་རྒྱ་གར་ཡུལ་མིས་གཞས་སྣ་འཁྲབ་སྟོན་གནང་བ་མ་ཟད། བོད་ཀྱི་ཟློས་གར་ཚོགས་པས་སེང་གེ་འཁྲབ་སྟོན་ཡང་གནང་ཡོད་པ་བཅས།།