༢༠༡༣ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གསོལ་རས་ཞུས་ནས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༨ ཉིན་ལོ་གཉིས་ཧྲིལ་པོ་འཁོར་བའི་དུས་དྲན་དེ་བཞིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ Moscowནང་སྲུང་བརྩི་ཞུས་ཡོད། དུས་དྲན་སྲུང་བརྩི་མཛད་སྒོ་དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཁང་དང་བོད་ཀྱི་རིག་གཞུང་དང་བོད་དོན་དྲིལ་བསྒྲགས་ལས་ཁུངས་ Tibet Culture & Information Center གཉིས་ཀྱིས་གོ་སྒྲིག་ཞུས་ཡོད། སྐབས་དེར་ཨུ་རུ་སུའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཕུལ་བ་རྣམས་བོད་ཁང་འགན་འཛིན་གཞོན་པ་སྐུ་ཞབས་ནདྱ་བྷར་ཀེམ་ཇིམ་ Nadya Berkengeym ལགས་ཀྱིས་སྒྲོག་སྦྱངས་གནང་དོན། དུས་ཚིགས་འདི་བཞིན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཡོད། སྲིད་སྐྱོང་སྐུ་ཉིད་མཆོག་གིས་བོད་རྒྱ་ཆེའི་མང་ཚོགས་ཀྱི་བདེན་དོན་དང་། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་མཐོ་རུ་གཏོང་རྒྱུར་འབད་བརྩོན་གནང་བ་མ་ཟད། འཚེ་མེད་ཞི་བ་དང་ཐོག་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་དང་གནང་མུས་ཡིན་པར་བརྟེན། ང་ཚོས་སྐུ་ཉིད་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཡང་དག་པ་ཞིག་ཡིན་པར་ངོས་འཛིན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
གཞན་ཡང་སྐབས་དེར་སྐུ་ཚབ་ངག་དབང་རབ་རྒྱས་ལགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གསོལ་རས་ཞུས་པ་ནས་ཟུང་། བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་སོ་སོར་འབྱེད་ཡོད། དེ་ཡང་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་དགོངས་ཀྱི་འཆར་སྣང་དེར་མང་གཙོར་དགའ་བའི་འཛམ་གླིང་དབུ་ཁྲིད་རྣམ་པས་ཡི་རང་བསྔགས་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་གསུངས། ཕྱོགས་མཚུངས་མཛད་སྒོའི་སྐབས་བོད་ནང་རང་སྲེག་ལས་འགུལ་སྤེལ་དགོས་དོན་གང་ཡིན། Why Tibet is Burning ?ཞེས་ཨུ་རུ་སུའི་སྐད་ཡིག་ནང་ཕབ་བསྒྱུར་ཟིན་པ་དེ་དབུ་འབྱེད་གནང་བ་དང་སྦྲགས། བོད་ཁང་འགན་འཛིན་གཞོན་པ་སྐུ་ཞབས་ནདྱ་བྷར་ཀེམ་ཇིམ་ལགས་དང་སྐུ་ཚབ་ངག་དབང་རབ་རྒྱས་ལགས་ནས་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་བོད་མི་ཚོས་རང་སྲེག་ལས་འགུལ་གཅིག་རྗེས་གཉིས་མཐུད་སྤེལ་དགོས་དོན་རྣམས་གསལ་བཤད་གནང་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་རྡ་སར་དེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༡ ནང་ཨུ་རུ་སུའི་བརྙན་འཕྲིན་ཁག་གཅིག་Russian national TV channel – REN TV 3 གི་བཅར་འདྲི་དང་ལེན་གནང་བའི་དུམ་བུ་ཞིག་བསྟན། བརྙན་འཕྲིན་དེའི་ནང་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཚུལ་སྐོར་སྤྱི་དང། བཙན་བྱོལ་བོད་མིའི་མང་གཙོའི་སྐོར། ཕྱོགས་མཚུངས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་ནང་ཨུ་རུ་སུ་གཉིས་བྱུང་རབས་ཐོག་འབྲེལ་བ་ཇི་ཡོད་དང་ལྷག་པར་ཆོས་ཕྱོགས་ཀྱི་འབྲེལ་ལམ་སོགས་ཀྱི་སྐོར་གསལ་བཤད་གནང་ཡོད།
དེ་བཞིན་སྐབས་དེར་མང་ཚོགས་རྣམས་ཀྱིས་དྲི་བར་སྐུ་ཚབ་དོན་གཅོད་ཀྱིས་ལན་འདེབས་སོགས་གནང་ཡོད།།