༢༠༡༣ ཟླ་ ༨ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༩ ནས་ ༢༣ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༼Vidya Sagar Institute of Mental Health and Neurosciences (VIMHANS)༽ཞེས་པའི་བསྟི་གནས་ཁང་དུ་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་གི་འཕྲོད་ལས་པ་ཁག་གཅིག་ལ་སེམས་ཁམས་འཕྲོད་བསྟེན་གྱི་ཟབ་སྦྱོང་ཐེངས་གཉིས་པ་གནང་འདུག
ད་ཐེངས་ཟབ་སྦྱོང་འདི་བཞིན་གཙོ་བོ་བོད་མིའི་གཞིས་ཆགས་ཁག་དང་ལྷག་པར་བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་བཀྲིས་དཔལ་འཁྱིལ། རྡོར་པ་ཊན། དཔལ་འབྱོར་གླིང། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ཀྱི་འཕྲོད་ལས་པ་རྣམས་ལ་དམིགས་པ་ཞིག་ཡིན་འདུག ཟབ་སྦྱོང་འདིར་འཕྲོད་ལས་པ་ཁྱོན་མི་གྲངས་ ༡༨ ཕེབས་ཡོད་ཁོངས་ནས་བལ་ཡུལ་ནས་འཕྲོད་ལས་པ་དགུས་མཉམ་ཞུགས་གནང་ཡོད་པ་དང། དེ་མིན་འཕྲོད་ལས་པ་གཞན་རྣམས་ནི་སྔོན་དགའ་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང། བོད་ཀྱི་དགེ་རྩ་ཚོགས་པ། རྡ་སྟེང་བོད་ཁྱིམ། སུ་ཇ་བོད་ཁྱིམ། བཀྲ་ཤིས་ལྗོངས། ཀྲུ་ཀྲིང། བསྟན་འཛིན་སྒང། ནོར་རྒྱས་གླིང་བཅས་ཀྱི་འཕྲོད་ལས་པ་ཡིན་འདུག
འཕྲོད་ལས་པ་ཚོར་བྱིས་པ་དང་དར་མའི་སེམས་ཁམས་འཕྲོད་བསྟེན་སྐོར་དང། དཀའ་ངལ་འོག་སེམས་ཚོར་མ་ཟིན་པ་རྣམས་ལ་སློབ་སྟོན་བྱེད་ཕྱོགས། སེམས་ངལ་བཅོས་ཐབས། སྨྱོས་རྫས་ངན་གོམས་འགོག་ཐབས་བཅས་ཀྱི་ཐོག་ཟབ་སྦྱོང་གནང་ཡོད། ཟབ་ཁྲིད་པའི་ཁོངས་སུ་སེམས་ཁམས་རིག་པའི་སྨན་པ་པལ་ལཝ་བེ་ནར་ཇི་Dr. Pallav Banerjee ལགས་དང། དྷི་པ་ལི་རའོ་Deepali Rao ལགས། ཅན་དར་ཤེ་ཁར་རཅ་ན་གྷི་རི་ Chandrashekhar, Rachna Giri ལགས་སོགས་ཡིན་འདུག ཟབ་སྦྱོང་འདི་བཞིན་ཨ་རིའི་ USAID རོགས་ཚོགས་ནས་དཔལ་འབྱོར་གྱི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས།།