༢༠༡༣ ཟླ་ ༨ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་ཚོགས་ཆེན་ཐེངས་ ༩ པ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དཔལ༌ལྡན་སྨད་རྒྱུད་གྲྭ་ཚང་དུ་འགོ་འཛུགས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་མིའི་སོ་ནམ་གཞིས་ཆགས་ཀྱི་ཚོགས་ཆེན་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ འགོ་འཛུགས་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཁག་གཅིག དེ་བཞིན་ཧོན་སུར་ས་གནས་རང་བདེན་ཚོགས་ཆུང་དང་ས་གནས་འཐུས་མིའི་ཚོགས་མི། ཁུལ་དེའི་དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་བཅས་ལྷན་འཛོམས་ཀྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་རྣམ་པ་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་བཏང་བཀའ་ཤག་སྐབས་གོང་མའི་ངོས་ནས་བོད་མི་རྣམས་སྲོལ་རྒྱུན་སོ་ནམ་ཞིང་ལས་ཐོག་བསྐྱོད་རྒྱུ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་ཁྱོན་ཡོངས་ལ་ཡོངས་ཁྱབ་འགན་ཁུར་གྱི་ལམ་སྟོན་ཕེབས་ཡོད་པར་བརྟེན། རྒྱལ་སྤྱིའི་ནང་ཚོར་སྣང་དང་དོ་སྣང་གསར་པ་ཞིག་སླེབས་ཡོད།
ལྷག་པར་འདས་པའི་ལོ་སུམ་ཅུ་སོ་གྲངས་དེའི་རིང་༸གོང་ས་མཆོག་གིས་དེང་རབས་ཀྱི་ཚན་རིག་པ་ཚོ་དང་ལྷན་ཐུགས་ཐག་ཉེ་པོའི་སྒོ་ནས་བགྲོ་གླེང་མཛད་པའི་ཉེར་ལེན་ལ་བརྟེན། དེང་རབས་ཀྱི་ཚན་རིག་པའི་བསམ་ཕྱོགས་དང་འགྲོ་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུའི་རྟགས་མཚན་མངོན་གསལ་དོད་པོ་མཐོང་ཡོང་གི་ཡོད། ༸གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་འགྲོ་མཁན་བོད་པའི་སྤྱི་ཚོགས་དེ་དག་གི་འཇིག་རྟེན་སྤྱི་ཡོངས་ལ་འཁྲིས་པའི་ལས་འགན་སྤྱི་དང་། ཡང་སྒོས་སའི་གོ་ལ་འདི་ལོ་ཁ་ཤས་ནང་རྩ་བརླག་ཏུ་མ་འགྲོ་བའི་ཆེད་ང་ཚོ་མི་རེ་ངོ་རེར་ལས་འགན་ཞིག་ཏན་ཏན་འཁྲིས་ཡོད།
གཅིག་བྱས་ན་བོད་མི་སྟོང་ཕྲག་ལྔ་དྲུག་ཙམ་ཞིག་གིས་ས་ཆ་ཨེ་ཀར་སྟོང་ཕྲག་ཁ་ཤས་ཤིག་ནང་སྐྱེ་ལྡན་སོ་ནམ་འདེབས་ལས་བྱས་པ་དེས་འཇིག་རྟེན་ཁྱོན་ཡོངས་ཀྱི་ཆག་འཇིགས་ལ་མངོན་གསལ་དོད་པོས་ཕན་ཐོགས་མེད་རུང་ཐིགས་པ་བསགས་པའི་རྒྱ་མཚོ་ཞེས་པའི་དཔེ་ལྟར་ཕན་ཐོགས་ཕྲན་བུ་ཡོང་ངེས་རེད། དེ་བཞིན་སོ་ནམ་ཞིང་ལས་ལ་བརྟེན་མི་དགོས་པར་རིལ་བུ་ཁོ་ན་བཟས་ནས་སྡོད་རྒྱུའི་གོ་སྐབས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། སོ་ནམ་ཞིང་ལས་གནང་མཁན་དེ་དག་ད་ལྟའི་དུས་སྐབས་འདིར་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ནང་གལ་གནད་དང་ནུས་པ་ཆེ་ཤོས་འདོན་མཁན་གྱི་སྤྱི་ཚོགས་ཤིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ནང་སྲིད་ལས་ཁུངས་ཀྱི་ལས་དོན་ཁག་དང་འབྲེལ་བའི་ཐོག་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འཁྲིད་པའི་བཀའ་ཤག་དང་ལྷག་པར་ནང་སྲིད་ལས་ཁུངས་ཐོག་ནས་ནང་སྲིད་ལས་ཁུངས་ཀྱི་ལས་དོན་མང་པོ་ཞིག་གློ་བུར་དུ་འགྱུར་བ་བཏང་ན། ད་ལྟ༌བར་དུ་བྱས་པ་དེ་དག་འཕྲོ་བརླག་དང་ལས་གཞི་གསར་པ་ཞིག་བཙུགས་ན་གང་འདྲ་ཞིག་ཐོག་འགྲོ་གི་ཡོད་མེད་ཀྱི་ཚོད་ལྟ་བྱེད་མ་ཐུབ་པའི་གནས་སྟངས་ལྟ་བུ་རེད། དེར་བརྟེན་སྔོན་ནས་འགྲོ་ལམ་ཡོད་མུས་དེ་སྲ་བརྟན་ཡོང་ཐབས་དང་ལམ་དེའི་ཐོག་ནས་ནུས་པ་སྔར་ལྷག་ཐོན་རྒྱུ་གཙོ་བཟུང་བྱེད་ཀྱི་ཡོད།
གོང་དུ་ཞུས་པ་ལྟར། སྐྱེ་ལྡན་སོ་ནམ་ཐོག་རྒྱུ་མཚན་ཆེན་པོ་ཞིག་མཐོང་སྟེ་དེའི་སྐབས་ཀྱི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནས་གཏན་འབེབས་གནང་བ་ལྟར་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ལས་ཀ་གང་ཞིག་བྱས་ཀྱང་སོ་ནམ་ཞིང་ལས་ཀྱི་སའི་གནས་སྟངས་ཡག་པོ་གནས་ཐུབ་རྒྱུ་དང་། སོ་ནམ་པར་ཁེ་ཕན་ཡག་པོ་ཞིག་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་རེད། མི་དམངས་ལ་གཞིས་ཆགས་སྲ་བརྟན་ཞེས་སྐབས་ཧ་ལམ་སྒྲིག་འཛུགས་དང་གཞུང་ལ་གཅིག་དགོས་ཀྱི་ཡོད་པའི་ཚོར་སྣང་ཡོང་གི་ཡོད་པའི་ཚོར་བ་བྱུང་། གཞིས་ཆགས་སྲ་བརྟན་ནི་གཞིས་ཆགས་ནང་སྡོད་མཁན་རྣམ་པའི་འཚོ་གོས་ཡག་པོ་ཡོང་ཆེད་རེད། དེ་བཞིན་གཞིས་ཆགས་སྲ་བརྟན་ཡོང་བར་མངའ་སྡེ་མི་འདྲ་བ་སོ་སོར་གནས་པའི་བོད་མི་སོ་ནམ་ཞིང་པ་ཚོར་ས་ཞིང་གི་ལག་དེབ་བརྟན་པོ་བཟོ་རྒྱུར་ནང་སྲིད་ལས་ཁུངས་ནས་འབད་བརྩོན་ཞུས་དང་ཞུ་མུས་ཡིན།
ལྷག་པར་ཞིང་ཆུ་འདྲེན་ཐབས་ཀྱི་གནས་སྟངས་ཐོག་ས་གནས་ཀྱི་གནད་དོན་ལ་དཔྱད་ཞིབ་བྱས་ཏེ་ས་གནས་ཀྱི་བཀའ་འཁྲོལ་ཐོབ་པའི་སྒོ་ནས་ཞིང་ཆུ་འདྲེན་ཐུབ་པའི་སྲིད་བྱུས་བཟུང་ཡོད་པ་ལས་ཞིང་ཆུ་རྩ་བ་ནས་འདྲེན་མི་ཆོག་པའི་སྲིད་བྱུས་བཟུང་མེད། དེ་རིང་གི་ཚོགས་འདུ་འདིར་ས་གནས་འགོ་འཛིན་གྱིས་གཙོས་ཚོགས་བཅར་བ་ཚང་མའི་ངོས་ནས་ས་གནས་ལ་དཀའ་ངལ་གང་ཡོད་པའི་ཐོག་བསམ་ཚུལ་ལྷུག་པོ་གསུངས་ཏེ་ཚོགས་འདུ་འདི་དོན་དང་ལྡན་པ་ཞིག་ཡོང་བ་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། ལྷག་པར་ཆེད་དུ་གདན་ཞུས་གནང་བའི་ཁོར་ཡུག་ཐོག་མཁས་དབང་ལྕམ་སྐུ་ཝ་ཌ་ན་ཤི་ཝ་མཆོག་དང་ཨི་ཛི་རལ་ནས་ཕེབས་པའི་སོ་ནམ་ཞིང་ལས་ཐོག་མཁས་དབང་སྐུ་ཞབས་ཨ་པོ་ལ་བྷི་ཡ་མཆོག་གིས་ཀྱང་གསུང་བཤད་གནང་། ཚོགས་ཆེན་དེ་བཞིན་ཕྱི་ཚེས་ ༢༣ བར་འཚོགས་རྒྱུ་ཡིན་འདུག་པ་བཅས། །