༢༠༡༣ ཟླ་ ༨ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་གཙོ་སྐྱོང་འོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་མི་དམངས་མཉམ་འབྲེལ་ཚོགས་ཁང་ནང་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༣ དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་སྟེ་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་ཀྱིས་གསུང་བཤད་དང་འབྲེལ་ཚོགས་འདུ་མཇུག་སྒྲིལ་གནང་ཡོད།
ཐེངས་འདིའི་ཚོགས་ཆེན་ནང་བོད་མིའི་མཉམ་འབྲེལ་ཁག་གི་དཔལ་འབྱོར་འདུ་འགོད་དང་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས། དེ་བཞིན་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་ཆེད་འཛུགས་སྐྲུན་གྱི་ལས་གཞི་སྤེལ་རྒྱུ། ལྷག་པར་རྒྱ་གར་དབུས་སའི་གཞུང་ཕྱོགས་ནས་བོད་མི་མཉམ་འབྲེལ་ཁག་དང་མང་ཚོགས་ལ་མཐུན་འགྱུར་ཇི་ཐོབ་གནས་སྟངས་ཐོག་བསྐྱར་ཞིབ་ཀྱིས་གྲོས་བསྡུར་གནང་ཡོད་པ་མ་ཟད།
ལྷག་པར་རྗེས་ལོའི་ནང་བོད་མིའི་མཉམ་འབྲེལ་འཛིན་སྐྱོང་གི་ཚོགས་ཆེན་ས་གནས་གང་དུ་ཚོགས་མིན་གཙོ་བོར་གྱུར་བའི་གྲོས་གཞི་དོན་ཚན་ཁག་གི་གྲོས་བསྡུར་ལྷུག་པོ་གནང་འབྲས་སུ་བོད་མིིའི་མཉམ་འབྲེལ་ཁག་གི་སྣེ་འཁྲིད་འོག་མི་དམངས་ནས་བོད་བསྟན་སྲིད་ཆེད་ཞབས་རིམ་གསོག་སྒྲུབ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་སྐོར་ལམ་སྟོན་གནང་བའི་དོན་གནད་ཁག་ལ་རྩ་འཛིན་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དོན་ཚན་བཅུ་དྲུག་གཏན་འབེབས་གནང་འདུག་པ་བཅས། །