༢༠༡༣ ཟླ་ ༨ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ འཁོད་བཀའ་དྲུང་ཡིག་ཚང་ནས་བཀའ་ཡིག་ཕེབས་དོན་བཞིན། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ནས་ལ་དྭགས་སུ་ཆིབས་ཞལ་བསྒྱུར་ཁར་མགོན་པོ་གང་ཉིད་མཆོག་འདི་ལོའི་ཕྱི་ཟླ་ ༨ པའི་ནང་བདུན་ཕྲག་གསུམ་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་བོད་ཀྱི་བསྟན་སྲིད་བདེ་ཐབས་སླད་བཅད་རྒྱ་ལ་བཞུགས་རྒྱུར།
དེའི་རིང་༼བོད་མི་སེར་སྐྱ་མང་ཚོགས་ནས་ཉིན་རེར་མ་ཎི་སྟོང་ཚར་རེ་དང༌། ཤེས་རབ་སྙིང་པོ་ཚར་གཉིས་རེ། འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་ཚར་གཅིག་རེ་བཅས་ཆད་མེད་འདོན་ཐུབ་ན་དགེ་མཚན་ཆེ་སྐོར།༽བཀའ་སློབ་སྩལ་ཕེབས་བྱུང་འདུག་པ་ལྟར། དགའ་འབྲས་གཉིས་ཀྱི་གྲྭ་ཚང་ཁག་སོགས་ནས་དེ་ལྟར་གསུང་སྒྲུབ་གནང་འགོ་ཡང་བཙུགས་ཟིན་ཡོད་འདུག་ན། བཙན་བྱོལ་བོད་མི་སེར་སྐྱ་མང་ཚོགས་ནས་ཀྱང་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༥ ནས་ཚེས་ ༣༠ བར་གོང་གསལ་ཞབས་རིམ་ཁག་འབད་སྒྲུབ་གནང་དགོས་པ་དེ་གའི་ཁྱབ་ཁོངས་དགོན་སྡེ་ཁག་དང་མི་མང་ལ་བརྡ་ཁྱབ་ནན་འདྲོངས་འཕྲལ་དུ་གནང་གལ་ཆེ་བ་ཡིན་སྐོར་འཁོད་འདུག
ཡང་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དབུ་འཛིན་གྱང་ཁང་རིན་པོ་ཆེ་ལ་བཀའ་སློབ་སྩལ་ཕེབས་དགོངས་དོན། བོད་མི་སེར་སྐྱ་མང་ཚོགས་ནས་ཕུར་པའི་བསྙེན་པ་གང་མང་གསོག་སྒྲུབ་གནང་དགོས་པ་དེ་གའི་ཁྱབ་ཁོངས་གཞིས་སྒར་དང་དགོན་སྡེ་ཁག་ལ་བརྡ་ཁྱབ་ནན་འདྲོངས་འཕྲལ་དུ་གནང་གལ་ཆེ་བ་ཡིན་སྐོར་འཁོད་འདུག་པ་བཅས། །