༢༠༡༣ ཟླ་ ༨ ཚེས་ ༢ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་སྟེ་རྒྱ་བཟའ་ཀོང་ཇོའི་ལོ་རྒྱུས་འཁྲབ་སྟོན་བྱས་པ་བརྒྱུད་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་རྒྱ་སྐྱེད་དང་ལྷག་པར་བོད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་སྐོར་གསལ་སྟོན་བྱས་པའི་ལས་གཞིར་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བའི་ནང་འཁོད་དོན། གནད་དོན་དེ་ནི་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་ཆགས་ཀྱི་ཡོད་སྟབས།
བོད་མི་རྣམས་ནས་ངོས་ལེན་ནམ་ཡང་བྱེད་ཐུབ་ཐབས་མེད། རྒྱ་ནག་གཞུང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་ཕོ་བྲང་གི་འདྲ་གཟུགས་ཆེ་གྲས་ཤིག་དང་མི་ཊར་བརྒྱ་ཅན་གྱི་སྡིངས་ཆ་ཞིག་བསྐྲུན་ཏེ་འཁྲབ་སྟོན་པ་དྲུག་བརྒྱ་ཡས་མས་ཤིག་མཉམ་ཞུགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༡ ཉིན་འཁྲབ་སྟོན་དེ་འགོ་འཛུགས་བྱས་ཡོད། བོད་ནང་རྒྱ་ནག་གཞུང་གི་མེ་མདའ་འོག་ཆེས་ཛ་དྲག་གི་གནས་སྟངས་འོག་སྟོན་བཞིན་པའི་འཁྲབ་སྟོན་དེའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་རྒྱ་ནག་གོང་མའི་སྲས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བཞེས་རྗེས་བོད་མི་རྣམས་རིམ་བཞིན་ཀླ་ཀློའི་ལམ་སྲོལ་ལས་བཀྲོལ་ཏེ། ནང་ཆོས་དང་རིག་གཞུང་ལྡན་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཏུ་གྱུར་ཡོད་སྐོར་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མགོ་སྐོར་གཏོང་བཞིན་ཡོད།
རྒྱ་ནག་གཞུང་གིས་རང་གི་ཆབ་སྲིད་ཀྱི་དགོས་དབང་སྒྲུབ་ཆེད་སྒྱུ་རྩལ་འཁྲབ་སྟོན་ལམ་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་རྒྱུའི་ཐབས་ཤེས་བྱས་ཀྱང་བོད་མི་སུ་འདྲ་ཞིག་ཡིན་རུང་འཁྲབ་སྟོན་དེ་ནི་ཡང་དག་པ་ཞིག་ཡིན་པར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད། སྤྱིར་བཏང་བོད་ཀྱི་ཐུན་མིན་ནང་ཆོས་དང་རིག་གཞུང་ནི་བོད་མིའི་ངོ་བོ་དང་བླ་སྲོག་ལྟ༌བུ་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་འཛིན་མི་སྣས་རྒྱ་ནག་གཅིག་གྱུར་གྱི་དབང་ཆར་འགོག་རྐྱེན་བཟོ་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་རྒྱ་གཞུང་གིས་ཕྱོགས་གཅིག་ནས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་ཀྱི་རིག་གཞུང་བསྟན་ཏེ་དངུལ་ཕོན་ཆེན་བཟོ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱ་བོད་གཉེན་འབྲེལ་གྱི་ལོ་རྒྱུས་ལ་འཁྱོག་བརྗོད་ཀྱིས་འཛམ་གླིང་མི་དམངས་རྣམས་མགོ་སྐོར་གཏོང་ཐབས་བྱེད་བཞིན་ཡོད། ཅེས་སོགས་སྐྱོན་བརྗོད་གནང་འདུག་པ་བཅས། །