༢༠༡༣ ཟླ་ ༨ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྡ་ས་བོད་ཁྱིམ་དགེ་འོས་ཚོགས་ཡུལ་དུ་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་ཐོག་དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་ (Umaling Technical Solution) དབུ་འབྱེད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། ལས་དོན་འཆར་འགོད་འབྲེལ་མཐུད་པ་ཨ་རི་ནས་ཕེབས་པའི་ལྕམ་སྐུ་ཌེ་བྷོ་ར་ཨ་ཀར་ Dr. Deborah Akers ལགས་དང་དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་གི་འགན་འཛིན་སྐུ་ཞབས་ན་རོ་ཏམ་ས་ཡལ་ Mr. Narotam Sayal མཆོག བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་འགན་འཁུར་དབུ་དགེ་རྣམ་པ། ལས་བྱེད་དང་ལས་རིགས་ནང་མཉམ་ཞུགས་གནང་མཁན་བཅས་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཐོག་གནས་ཆུང་གི་དགེ་འདུན་པ་གཉིས་ནས་ཤིས་བརྗོད་གསུང་འདོན་གྲུབ་བསྟུན། སྲིད་སྐྱོང་མཆོག་གིས་དབུ་འབྱེད་ཀྱི་དར་སྣེའི་མདུད་པ་བཀྲོལ་ཏེ་སྒྲོན་མེ་ཞལ་ཕྱེ་གནང་། དེ་ནས་ལས་དོན་འཆར་འགོད་འབྲེལ་མཐུད་པ་ལྕམ་སྐུ་ཌེ་བྷོ་ར་ཨ་ཀར་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་འདི་རྡ་སར་གསར་འཛུགས་གནང་བ་བརྒྱུད་བོད་མི་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་འཐོབ་རྒྱུ་དང་། རྡ་ས་ཙམ་མིན་པར་ས་གནས་གཞན་དུའང་དེ་བཞིན་འཛུགས་ཐུབ་རྒྱུའི་རེ་བ་ཡོད། བཀའ་ཤག་སྐབས་བཅུ་བཞི་པས་དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་རྡ་སར་འཛུགས་ཐུབ་པ་ནི་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་བཞིན་ཡོད། དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་གི་ལས་གཞི་འདི་བཞིན་ཐོག་མའི་འཆར་གཞིའི་སྐབས་དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་གི་འགན་འཛིན་སྐུ་ཞབས་ན་རོ་ཏམ་ས་ཡལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གྲོས་མོལ་རིམ་པ་བྱུང་ཡོད། སྤྱིར་འགན་འཛིན་སྐུ་ཞབས་ཝི་ནི་ཏི་ཁན་ན་མཆོག་གིས་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཚོང་ལས་ཚན་པ་གསར་འཛུགས་གནང་འདོད་ཡོད་པ་མ་ཟད། ལྷག་པར་བོད་མིའི་བདེ་དོན་ཆེད་རོགས་རམ་གནང་འདོད་ཀྱི་བསམ་བློ་ཤུགས་ཆེ་ཡོད་མཁན་ཞིག་རེད། དེར་བརྟེན་ད་ཐེངས་ལས་གཞི་འདིའི་འོག་བོད་མི་གཞོན་སྐྱེས་སྤྱི་དང་ལྷག་པར་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་རྣམས་རྒྱ་གར་གྲོང་ཁྱེར་ལྡི་ལི་དང་སྦེང་ལོར་སོགས་ནང་ལས་ཀ་འཚོལ་ཆེད་འགྲོ་མི་དགོས་པར་རྡ་སའི་ཁོར་ཡུག་ནང་གནས་ནས་ལས་ཀ་རག་ཐུབ་རྒྱུའི་ཆ་རྐྱེན་བསྐྲུན་ཡོད།
ཕྱོགས་མཚུངས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་ཀྱང་ས་ཆའི་མཐུན་འགྱུར་ཙམ་མ་ཟད། ཕྱོགས་གང་་ཅིའི་ཐོག་ནས་དབུ་མ་གླིང་ལས་གཞི་འདིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ང་ཚོས་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་བཞི་པའི་ལས་གཞིའི་ཁོངས་བོད་ཀྱི་ཐེབས་རྩ་ (Tibet Charity) དང་ཐུན་མོང་ཐོག་ང་ཚོས་ལས་རིགས་འདྲ་མིན་ཐོག་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་མ་ཟད། ཉེ་ལམ་ས་རཱ་མཐོ་སློབ་ཏུ་སྐྲ་བཟོའི་ལག་ཤེས་ཐོག་མཁས་ལས་པ་སྐུ་ཞབས་ཧ་བྷིབ་ལགས་གདན་ཞུས་ཀྱིས་བོད་ཕྲུག་ཚོར་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབ་པ་བྱུང་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་རྗེས་ལས་རིགས་ནང་དངོས་སུ་མཉམ་ཞུགས་གནང་མཁན་བོད་མི་གཞོན་སྐྱེས་ཁག་གཅིག་ལ་གསུང་དོན།
ང་ཚོའི་གཞོན་སྐྱེས་ཚོས་ཐོག་མའི་ལས་དོན་ཡག་པོ་གནང་སྟེ་ལས་འཆར་འདི་ལམ་ལྷོང་ལྡན་པ་བྱུང་ན་མིག་ལྟོས་བཟང་པོའི་ཐོག་བོད་མི་གཞོན་སྐྱེས་མང་པོར་ལས་རིགས་བསྐྲུན་ཏེ་ཕན་ཐོགས་ཡོང་བའི་རེ་བ་ཞུ་གི་ཡོད། ཅེས་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ། དེ་ནས་སྲིད་སྐྱོང་མཆོག་གིས་ལས་ཁུངས་ནང་ལྟ་སྐོར་གནང་། ཚོང་འབྲེལ་ལས་རིགས་ཁང་དེར་ད་ལྟའི་ཆར་མཉམ་ཞུགས་གནང་མཁན་བོད་མི་གཞོན་སྐྱེས་གྲངས་ ༤༥ ཙམ་རྡ་སར་ཡོད་པ་མ་ཟད། ཁག་གཅིག་ལྡི་ལིར་ལས་རིགས་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་འདི་ལོའི་ལོ་མཇུག་ཏུ་གཞོན་སྐྱེས་མི་གྲངས་ ༩༠ ཙམ་མཉམ་ཞུགས་གནང་རྒྱུ་ཡིན་འདུག དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་གི་དམིགས་ཡུལ་གཙོ་བོ་ཚོང་ཁེ་གཉེར་རྒྱུ་ཙམ་མིན་པར་བོད་མི་གཞོན་སྐྱེས་ཤེས་ཡོན་ཡོད་མེད་གཉིས་ཀ་དང་། ལས་མེད་ཚོར་ལས་ཀའི་གོ་སྐབས་སྤྲོད་རྒྱུ་ཡིན་འདུག