༢༠༡༣ ཟླ་ ༨ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་གསོལ་མགྲོན་ཁང་དུ་དངུལ་རྩིས་དང་རྩིས་ཁྲ་ཉར་འཇོག་བྱེད་སྟངས་སྐོར་གྱི་ཟབ་སྦྱོང་འགོ་འཛུགས་གནང་འདུག
གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། དྲུང་འཕར་ཚེ་རྒྱལ་ལགས། ཟུང་དྲུང་མཐུ་སྟོབ་ལགས། དྲུང་གཞོན་འཕྲིན་ལས་པདྨོ་ལགས། ཟབ་ཁྲིད་པ་དབུས་རྩིས་ཞིབ་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་དོན་གྲུབ་ལགས་ཀྱིས་གཙོས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་བསམ་གྲུབ་ལགས། དྲུང་གཞོན་རྣམ་རྒྱལ་ལེགས་སྒྲུབ་ལགས། ས་གནས་འཕྲོད་བསྟེན་སྨན་ཁང་ཁག་གི་རྩིས་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བ་ལྷན་འཛོམས་ཐོག་དྲུང་འཕར་ཚེ་རྒྱལ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་དོན་ངོ་སྤྲོད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མར་མེ་ཞལ་ཕྱེ་དང་འབྲེལ་དབུ་འབྱེད་གསུང་བཤད་གནང་དོན། དེ་རིང་རྩིས་པའི་ཟབ་སྦྱོང་འདི་གལ་ཆེན་པོ་བརྩིས་ཏེ་གོ་སྒྲིག་གནང་བ་རེད། སྤྱིར་བཏང་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་གང་ཞིག་ཡིན་རུང་རྩིས་པ་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཕྲོད་བསྟེན་སྨན་ཁང་ཁག་གི་རྩིས་པ་ཡག་པོ་མེད་པ་མིན། འོན་ཀྱང་རྩིས་པ་རྣམ་པའི་ཤེས་ཡོན་སྔར་ལྷག་ཡར་རྒྱས་དང་ལས་དོན་ཚགས་ཚུད་ཡོང་སླད་རྩིས་པ་ཉམས་མྱོང་ཅན་གདན་ཞུས་ཀྱིས་ཟབ་ཁྲིད་གནང་གི་ཡོད་སྟབས། རྩིས་ཀྱི་ཐོག་དོགས་འདྲི་གང་ཡོད་དྲིས་ཏེ་ཁྱེད་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།
དེ་བཞིན་ཉེ་བའི་ལོ་ཤས་ནས་ས་གནས་ཀྱི་སྨན་ཁང་འགན་འཛིན་དང་རྩིས་པ་སོགས་ལ་འཕོ་འགྱུར་ཆེན་པོ་ཕྱིན་ཡོད་པར་བརྟེན། གནས་ཡུལ་རྒྱ་གར་གཞུང་གི་བབ་ཁྲལ་དང་མི་འགལ་བ་དང་། ང་ཚོའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་དང་མི་འགལ་བ་ཕྱི་གསལ་ནང་གསལ་གྱི་སྨན་ཁང་སོ་སོའི་རྩི་ཁྲ་ཉར་འཇོག་ཐོག་ཐུགས་སྣང་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན། ང་ཚོས་ཟབ་སྦྱོང་གནང་རྒྱུ་དེ་ལས་ཁུངས་ཀྱི་གལ་གནད་ཆེ་བའི་ལས་གཞི་ལྔའི་ནང་ནས་ལས་བྱེད་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ་གཅིག་ཡིན། ལས་དོན་ཚགས་ཚུད་བྱུང་ན་མི་མང་ལ་ཞབས་ཞུ་གང་ལེགས་ཞུ་ཐུབ་ངེས་རེད། ཚང་མས་རྩིས་ཀྱི་རྒྱབ་ལྗོངས་སློབ་སྦྱོང་གནང་ཟིན་པར་བརྟེན་དཀའ་ངལ་གང་ཡང་མེད། ཟབ་སྦྱོང་འདིར་མཉམ་བཞུགས་གནང་བར་མིང་དོན་མཚུངས་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ།
ཐེངས་འདིའི་ཟབ་སྦྱོང་ནང་ས་གནས་འཕྲོད་བསྟེན་སྨན་ཁང་ཁག་གི་རྩིས་པ་མི་གྲངས་ ༡༡ མཉམ་ཞུགས་ཀྱི་ཉིན་གྲངས་ ༩ རིང་རྩིས་ཁྲ་ཉར་སྟངས་དང་། བབ་ཁྲལ་འབུལ་ཕྱོགས། སྔོན་རྩིས་འཆར་འབུལ་སོགས་ཀྱི་ཐོག་ཟབ་ཁྲིད་གནང་གི་ཡོད་འདུག