༢༠༡༣ ཟླ་ ༨ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་བཀའ་ཤག་ནས་བཀའ་ཕེབས་དགོངས་དོན་ལྟར་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༢།༠༠ བར་མཆོད་འབུལ་སྨོན་ལམ་ཚོགས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ལས་འཁུར་དམ་འབུལ་གནང་ནས་ལོ་གཉིས་ཧྲིལ་པོ་འཁོར་བའི་དུས་ཚེས་དང་སྟབས་བསྟུན། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གཞིས་མི་རྣམས་ཚོགས་ཁང་ནང་ལྷན་འཛོམས་ཀྱིས་མཆོད་མེ་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། བཟང་སྤྱོད་སྨོན་ལམ་ཚར ༡༦༠ དང། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ་ཚར་ ༡༦། ༸རྒྱལ་བའི་ཞབས་བརྟན་ཚར་ ༧༢། བདེན་ཚིག་སྨོན་ལམ་ཚར་ ༧༢། མ་ཎི་ཡིག་དྲུག་གྲངས་ ༡༢༠༠༠༠ བཅས་གསོག་སྒྲུབ་གནང་ཡོད་པ་མ་ཟད། ལྷག་པར་ཕྱེད་ཡོལ་མང་ཚོགས་ལ་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་བོད་ཁྱིམ་དུ་ནང་ཆོས་ངོ་སྤྲོད་སྩལ་བའི་བརྙན་འཕྲིན་མང་ཚོགས་ལ་བསྟན་ཡོད་པ་བཅས།།