༢༠༡༣ ཟླ་ ༨ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་སྔགས་རིམ་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༨ ཐོག་༸གོང་ས་མཆོག་ཕོ་བྲང་གཟིམ་ཆུང་ནས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན། མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་དང་ལྷན་སྔོན་འགྲོའི་ཆོས་འབྲེལ་སྐབས་བཀའ་སློབ་སྩལ་དོན། དེ་རིང་འདི་གར་ཀོ་རི་ཡའི་ལོ་མང་གི་ངོ་ཤེས་ཆོས་གྲོགས་མཁན་རིན་པོ་ཆེས་གཙོས་ཆོས་གྲོགས་ཚང་མ་དང། དེ་བཞིན་ཀོ་རི་ཡའི་ཆོས་གྲོགས་ཚོར་ཆོས་འབྲེལ་བྱེད་རྒྱུའི་དུས་ཚོད་འདིའི་སྟེང་སླེབས་པའི་བོད་རིགས་སེར་སྐྱ་ཚང་མར་འཚམས་འདྲི་ཡོད། དེ་སྔ་ནང་པའི་ཆོས་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་མང་པོ་ཞིག་ནས་ནམ་རྒྱུན་འཆར་ཅན་ཡོང་གི་ཡོད། ད་ལམ་རྒྱ་གར་བདེ་སྲུང་འགན་འཁུར་ཡོད་མཁན་ཚོའི་ཐོག་ནས་བསམ་འཆར་བཤད་པ་ལྟར་ན། རླུང་འཕྲིན་འཁྱེར་རྒྱུ་སོགས་ལ་ཕྲན་བུ་དམ་བསྒྲགས་བྱེད་ཀྱི་ཡོད་འདུག ཁྱེད་རྣམས་ཁེ་གཙང་སྡོད་མཁན་ཚོར་དམིགས་བསལ་གྱི་འཚམས་འདྲི་ཡོད། ཁྱེད་རང་ཚོ་འདིར་ཀོ་རི་ཡ་དང་རྒྱ་རིགས་ཆོས་གྲོགས་སོགས་གང་ལྟར་ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་གཅིག་གྱུར་ཆགས་ཡོད། ཅེས་ཀོ་རི་ཡ་གཙོ་བོ་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་མཛད་གྲུབ་བསྟུན་ཤེས་རབ་སྙིང་པོ་དང་ཆོས་སྤྱོད་ཁག་གསུང་འདོན་གནང་ཡོད། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་སྔོན་འགྲོའི་ཆོས་འབྲེལ་དབུ་འཛུགས་ཀྱི་བཀའ་སློབ་ཕེབས་དོན།
དེ་རིང་ཆོས་འབྲེལ་སྔགས་རིམ་ཆེན་མོའི་སྤྱི་བཤད་བྱ་རྒྱུ་ཡིན། གང་ལ་ཞེ་ན་དེར་ཕྱི་ནང་དང་ཐེག་པ་གོང་འོག་གི་ཁྱད་པར་སྙིང་པོ་བསྡུས་པའི་གནད་འགག་ཆེན་པོ་ཞིག་ཡོད། དེ་ནས་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་བྱ་རྒྱུ་ཡིན། སྤྱིར་བཏང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་འབྲེལ་འཕྲུལ་ཆས་ཀྱིས་མིའི་དགོས་མཁོ་དང་འདོད་དོན་སྒྲུབ་བཞིན་ཡོད། འོན་ཀྱང་འདོད་ཡོན་ལྔ་དང་འབྲེལ་བའི་ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པུས་མིའི་ལུས་ཤེས་ཙམ་མ་གཏོགས་ཡིད་བློའི་སྟེང་གི་སྡུག་བསྔལ་སེལ་ཐུབ་ཀྱི་མེད། དུས་རབས་ཉེར་གཅིག་པའི་ནང་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་སུ་ཡིན་རུང་ཡ་རབས་དགོས་རྒྱུ་ང་ཚོ་ཐུན་མོང་གི་སྒྲུབ་བྱ་ཡིན་པ་མ་ཟད། འཛམ་གླིང་འདིར་བདེ་སྐྱིད་དགོས་ན་གཞན་ཕན་དང་སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་སྔོན་འགྲོའི་བཀའ་སློབ་དང་འབྲེལ་གསུང་ཆོས་དབུ་འཛུགས་མཛད་ཡོད།
ཐེངས་འདིའི་གསུང་ཆོས་ལ་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་གྲངས་ ༣༠༠ གཙོ་བོར་གྱུར་པའི་ཕྱི་རྒྱལ་ལུང་པ་ ༦༡ ནས་མི་གྲངས་ ༨༠༠ བརྒལ་བ་དང། དེ་བཞིན་རང་རིགས་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་ཆོས་ཞུར་བཅར་འདུག