༢༠༡༣ ཟླ་ ༨ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་སྡེ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༡ ཉིན་སྐུ་མཚམས་གྲོལ་རྗེས་སྔ་དྲོ་ཆུ་ཚོད་ ༨། ༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བའི་ནང་ལ་དྭགས་ས་གནས་ཡུལ་མིས་གཙོས་ཉེ་འཁོར་གྱི་ས་གནས་ཁག་ནས་ཆེད་བཅར་ཞུས་པའི་དད་ལྡན་མི་དམངས་ ༥༠༠༠ བརྒལ་བར་སྒྲོལ་དཀར་གྱི་ཚེ་དབང་དང་འབྲེལ་བཀའ་སློབ་སྩལ་དོན། དེ་རིང་འདི་གའི་ས་གནས་མི་དམངས་དང་ཉེ་འཁོར་ནས་སླེབས་པ་ཁྱེད་རང་ཚོར་སྒྲོལ་དཀར་གྱི་ཚེ་དབང་བྱ་རྒྱུ་ཡིན།
སྤྱིར་བཏང་ང་ཚོ་ནང་པ་ཚོས་ཆོས་བྱས་པ་ཙམ་མ་ཡིན་པར་ནང་པའི་ལྟ་གྲུབ་ལ་དོ་སྣང་སྤྲད་དེ་ལག་བསྟར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ཡ་རབས་སྤྱོད་བཟང་དང་སེམས་བཟང་པོ་བྱེད་དགོས། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༤ ལོར་འདི་གར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བྱ་གཏན་འཁེལ་ཡོད་སྟབས། ཁྱེད་རང་ཚོས་སྔོན་འགྲོའི་གྲ་སྒྲིག་གི་ཚུལ་དུ་ད་ལྟ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་ལྷན་ཉམས་ལེན་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་དང་ཚེ་དབང་སྩལ་ཡོད།
མགོན་པོ་གང་ཉིད་མཆོག་ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་ཡིན་འདུག