༢༠༡༣ ཟླ་ ༨ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྐུ་མཚམས་སུ་བཞུགས་མུས་ཡིན་པ་ལྟར། མགོན་པོ་གང་ཉིད་མཆོག་ལ་ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་སྡེ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༡ ཉིན་སྐུ་མཚམས་གྲུབ་རྗེས་༸གོང་ས་མཆོག་གིས་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བའི་ནང་ས་གནས་དད་ལྡན་མང་ཚོགས་རྣམས་ལ་སྒྲོལ་དཀར་གྱི་ཚེ་དབང་སྩལ་རྒྱུ་དང་།
ཕྱི་ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེ་ནས་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག ཕྱི་ཚེས་ ༢༥ ནས་དབུ་འཛུགས་ཀྱིས་ཉིན་གྲངས་གཉིས་ཙམ་རིང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གཙོ་བོར་གྱུར་བའི་ཆོས་ཞུ་བ་རྣམས་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་མཛད་པའི་ལམ་རིམ་བསྡུས་དོན་དང་སྔགས་རིམ་ཆེན་མོའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག་པ་བཅས། །