༢༠༡༣ ཟླ་ ༨ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ཟླ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་མངའ་སྡེ་ཁག་ཏུ་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཞུ་གཏུག་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ཉིན་ནས་ཕྱི་ཚེས་ ༢༥ བར་ཀར་ཎ་ཊ་ཀ་མངའ་སྡེ་དང་། ཨན་ད་ར་པར་དེ་ཤི། ཀེ་ར་ལ། ཏ་མིལ་ན་དུ། པོན་དྲི་ཅ་རི། བཅས་མངའ་སྡེ་ལྔ་སྐོར་ཟིན་པ་དང་། ཞུ་གཏུག་ཐེངས་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༤ ནས་འགོ་བཙུགས་ཏེ། གོ་བ་དང། མ་ཧཱ་ར་ཤི་ཊ། གུ་ཇུ་ར་ཏི། ར་ཇི་སི་ཐན་བཅས་མངའ་སྡེ་བཞི་སྐོར་རྒྱུ་ཡིན་ཞིང་། ཕྱི་ཚེས་ ༢༤ ཉིན་གོ་བ་མངའ་སྡེའི་ཀ་ལང་ཀོ་ཊི་ས་གནས་ལ་སྤྱི་འཐུས་འཇིགས་མེད་ལགས་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་བཅས་ལྷན་འཛོམས་ཀྱིས་ཕྱི་དྲོ་ཆུ་ཚོད་ ༧ པར་ཁྲིམས་རྩོད་པ་སྦི་ཀརྨ་བེ་མར་མཆོག་དང་།
ཆུ་ཚོད་ ༨་༣༠ ཐོག་སྨན་པ་ཨ་ནི་ཏ་མཆོག་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་ཚུལ་དང་ཞུ་གཏུག་ལས་འགུལ་གྱི་དགོས་དམིགས་སོགས་ངོ་སྤྲོད་ཞུས། ཁོང་གཉིས་ནི་བོད་དོན་ལ་དོ་སྣང་ཆེ་ཞིང་བོད་པར་གདུང་སེམས་མཉམ་སྐྱེ་གནང་མཁན་བོད་ཀྱི་ས་གནས་འདིའི་གྲོགས་པོ་ཡག་ཤོས་ཤིག་རེད་འདུག
མངའ་སྡེ་འདིའི་ནང་བོད་དོན་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་ཁོང་གཉིས་ཀྱི་ཕྱག་རོགས་གནང་རྒྱུའི་ཁས་ལེན་ཐོབ་ཡོད།
ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་བཞོན་པ་ཕྷ་རན་སེས་ཀོ་ཌི་སུ་ཛ་མཆོག་དང་མཇལ་འཕྲད་གནང་། སྐབས་དེར་རྒྱ་གར་ནི་བོད་ཀྱི་འདས། མ་འོངས། ད་ལྟ་གསུམ་ལ་བཀའ་དྲིན་ཆེ་ཚུལ་སྐོར་ཞུས་པ་མ་ཟད། རྒྱ་ནག་གིས་ཡ་ང་སྙིང་རྗེ་མེད་པར་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོར་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་དང། ལྷག་པར་སྐུ་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་ཚུལ་རྣམས་ཞིབ་ཕྲ་གསལ་བཤད་ཞུས། སྐབས་དེར་བློན་ཆེན་མཆོག་ནས་ཀྱང་ཁོང་རང་ཉིད་བོད་དོན་ལ་དོ་སྣང་ཡོད་པ་ཙམ་མ་ཟད། སེམས་འཁུར་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་སྐོར་གསུང་དོན། བོད་ནི་ད་ལྟའི་ཆར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་ཤོས་གཏོང་ཡུལ་ཞིག་ཆགས་ཡོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གིས་དེ་ཙམ་དོ་སྣང་གནང་གི་མེད། གནས་ཚུལ་འདི་ནི་ཧ་ཅང་གི་བློ་ཕམ་བྱ་ཡུལ་ཞིག་རེད་ཅེས་དང་།
གཞན་ཡང་བློན་ཆེན་མཆོག་གིས་བོད་དང་བོད་མིར་དུས་རྟག་ཏུ་གདུང་སེམས་མཉམ་སྐྱེ་ཡོད་ཅེས་སོགས་གསུངས་ཡོད། དེ་ནས་ཕྱི་དྲོ་ཆུ་ཚོད་ ༧ པར་ཁུལ་དེར་ཡོད་པའི་བོད་རིགས་ཚོ་དང་ཐུག་འཕྲད་སྐབས་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤིརི་པད་ན་ཡར་མཆོག་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ལྡི་ལིར་ཕེབས་དགོས་ཡོད་པས་དགོང་དྲོའི་ཆུ་ཚོད་ ༩་༡༥ ཐོག་དུས་ཚོད་གནང་བ་ལྟར་མཇལ་འཕྲད་ཞུ་སྐབས་གསར་འགོད་པ་གྲགས་ཅན་སན་ཇེ་སིན་ཧ་མཆོག་ཀྱང་ཕེབས་འདུག དེ་རྗེས་བོད་དོན་ཐོག་ཆུ་ཚོད་གཅིག་ལྷག་ཙམ་རིང་གསུང་མོལ་གནང་སྐབས་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཡོད་སྐོར་གསུངས་པ་བཅས།།