༢༠༡༣ ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཤེས་རིག་ལས་ཁུངས་ནས་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་ཕྱི་ཟླ་ ༨ ཚེས་ ༧ སྔ་དྲོ་སྦེལ་ཀོབ་བོད་ཁྱིམ་དུ་གོ་སྒྲིག་ཞུས་ཡོད། དབུ་འབྱེད་མཛད་སྒོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་འགོ་འཛིན། སྦེལ་ཀོབ་བོད་ཁྱིམ་གྱི་དབུ་འཛིན་དང་སློབ་སྤྱི། སྦེལ་ཀོབ་ས་གནས་སློབ་ཁག་གི་སློབ་སྤྱི་བཅས་ཚོགས་ཕེབས་གནང་ཡོད།
ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་རིགས་ལམ་འདུ་འཛོམས་ཀྱི་དམིགས་ཡུལ་དང་དགོས་པ། ཆ་ཤས་ལེན་མཁན་སློབ་ཁག་དང་། དེ་བཞིན་བདུན་གཅིག་གི་རིགས་ལམ་འདུ་འཛོམས་ཀྱི་ལས་འཆར་ཁག་ངོ་སྤྲོད་གནང་། དེའི་རྗེས་མོན་གྷོ་གཏན་སློབ་དང་སྦེལ་ཀོབ་བདེ་སླར་ཉིན་སློབ། སྦེལ་ཀོབ་བོད་ཁྱིམ་སློབ་མ་གཉིས་རེ་ནས་བོད་ཀྱི་སྐད་ཡིག་དང་དེང་རབས་ཤེས་ཡོན་ཐོག་རིགས་ལམ་རྟགས་གསལ་བཏང་སྟེ་སྤྱན་བསྟར་ཞུས།
དེ་ནས་སྦེལ་ཀོབ་བོད་ཁྱིམ་དབུ་འཛིན་ཚེ་རིང་དཔལ་ལྡན་ལགས་ཀྱིས་སྦེལ་ཀོབ་བོད་ཁྱིམ་གྱི་ལོ་རྒྱུས་སྙིང་བསྡུས་དང་ཤེས་ཡོན་གལ་གནད་ཆེ་བའི་སྐོར་ལམ་སྟོན་གསུང་བཤད་གནང་རྗེས། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ནས་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་དོན། རིགས་ལམ་འདུ་འཛོམས་ཀྱི་དགེ་ཕན་དང་རིགས་ལམ་ནི་སློབ་མ་རྣམས་ཀྱི་རིག་པ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་པ་དང་། དེ་བརྒྱུད་ནས་དེང་རབས་ཤེས་ཡོན་རྣམས་གོ་རྟོགས་ཐུབ་རྒྱུ་མྱུར་བ་དང་གསལ་བར་ཤེས་རྟོགས་ཐུབ་རྒྱུར་ཕན་གྲོགས་ཡོང་ངེས་ཡིན་པ་༸གོང་ས་མཆོག་གི་བཀའ་སློབ་ལུང་འདྲེན་གནང་བ་དང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གི་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤེས་ཡོན་ཡིན་གསུངས་པ་དེས་གང་མཚོན་གྱི་ཡོད་ཞུས་ན།
སློབ་ཕྲུག་ཁྱེད་རང་ཚོ་གལ་ཆེན་པོ་ཡིན་པ་དང་། ཁྱེད་རང་ཚོ་ལ་ཤེས་ཡོན་མཁོ་སྤྲོད་ཚད་ལྡན་གནང་རྒྱུའི་གོ་སྐབས་བསྐྲུན་དགོས་པ་ཞུ་གི་ཡོད་པ་རེད། དེའི་ཆེད་དགེ་རྒན་རྣམ་པས་འཛིན་གྲྭའི་ནང་སློབ་ཁྲིད་ཚད་ལྡན་མཁོ་སྤྲོད་དང་འབྲེལ་སློབ་མ་རྣམས་ནས་ཕྱིའི་མཐུན་རྐྱེན་བཟང་པོ་ལོངས་སུ་སྤྱད་ནས་ཤེས་ཡོན་རྩེ་ཕུད་ཤ་སྟག་གསོ་སྐྱོང་གནང་ཐབས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་ཤེས་ཡོན་རྐྱང་པས་མི་འགྲིག་པར་སྒོ་གསུམ་གྱི་ཀུན་སྤྱོད་ཚུལ་དང་ལྡན་པ་ཡོང་དགོས་པ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པས་ཚང་མས་དམ་དོན་གནང་དགོས། སློབ་མ་རྣམས་སྤྱི་ཚོགས་ནང་གཞན་དང་དཔུང་པ་མཉམ་སྒྲིག་ངང་འཛམ་གླིང་མདུན་སར་ཐོན་ཐུབ་པ་བྱ་དགོས་པའི་ལམ་སྟོན་ཟབ་རྒྱས་གནང་། དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་སྐུ་མགྲོན་རྣམ་པ་དང་། ལྷག་པར་བོད་ཁྱིམ་གྱི་དབུ་འཛིན་དང་སློབ་སྤྱི་གཙོས་དགེ་ལས་རྣམས་ནས་མཐུན་འགྱུར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཆོས་དགེ་དང་མཉམ་ཞུགས་གནང་མཁན་སློབ་མ་བཅས་ལ་ཐུགས་རྗེ་ཆེ་ཞུས་ནས་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
རིགས་ལམ་འདུ་འཛོམས་ཐེངས་དང་པོ་དང་གཉིས་པ་སྔ་ལོ་ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ་དང་སེ་ལ་ཀུ་ཡེ་བོད་ཁྱིམ་དུ་གོ་སྒྲིག་ཞུས་ཡོད། ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་ལྷོ་ཕྱོགས་སློབ་ཁག་དགུའི་སློབ་མ་ ༦༢ དང་ཆོས་དགེ་ ༩ མཉམ་ཞུགས་གནང་ཡོད་པ་བཅས།།