༢༠༡༣ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་དབུ་བཞུགས་མཛད་ཅིང། གདན་ས་ཆེན་མོ་སེ་ར་ཆོས་སྒར་དུ་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་བསྒྲུབས་ཡོད། དེ་བཞིན་རྣམ་གྲོལ་གླིང་དགོན་པར་ཆིབས་སྒྱུར་གྱིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་བ་སོགས་སྦེལ་ཀོབ་ཁུལ་དུ་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྫོང་དཀར་ཆོས་སྡེ་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་ཆེ་བ་བསྐྱངས་ཏེ་དགྲ་ནག་བཅུ་གསུམ་མའི་བཀའ་དབང་སྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་༸ཞབས་སོར་འཁོད་སྐབས། ས་གནས་བོད་མི་སེར་སྐྱ་མི་མང་དང་སློབ་ཕྲུག དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་དང་ཕྱི་རྒྱལ་བ་བཅས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་༸གོང་ས་མཆོག་གིས་རྫོང་ཆོས་གྲྭ་ཚང་དུ་དགྲ་ནག་གི་བཀའ་དབང་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། གང་ལྟར་རྗེ་རིན་པོ་ཆེའི་གསུང་ནང་དགྲ་ནག་བཅུ་གསུམ་མའི་གསུང་ནང་ཡོད། རྗེ་རིན་པོ་ཆེས་དེར་དམིགས་བསལ་ཐུགས་སྣང་གནང་བ་ཧ་ཅང་གསལ་པོ་རེད། དེ་བཞིན་རྗེ་རིན་པོ་ཆེའི་གསུང་ནང་དགྲ་ནག་གི་བདག་སྐྱེད་ཀྱང་ཡོད། ཁྱེད་རང་ཚོས་འཁུར་ཧ་ཅང་ཡག་པོ་བླང་སྟེ་ཆོ་ག་དེ་དག་སྒྲིག་ནས་ཧུར་ཐག་འབད་ཐག་བྱས་སོང། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་དམར་ནག་འཇིགས་གསུམ་གྱི་བཀའ་དབང་འདོན་རྒྱུ་བྱུང་ན་ཡག་པོ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་ལ་བཅར་བའི་ཝི་ཏི་ནམ་ནང་པར་ཚོར་བཀའ་སློབ་ཕེབས་དོན། འདས་པའི་ལོ་ཤས་ཤིག་ནས་ཝི་ཏི་ནམ་ནང་པ་ཁག་གཅིག་བཞུགས་སྒར་དུ་གསུང་ཆོས་ཞུ་བར་བཅར་གྱི་འདུག སྤྱིར་བཏང་ཝི་ཏི་ནམ་མི་རིགས་ཚོ་རང་ཉིད་ས་ཕྱོགས་གང་དུ་གནས་ཀྱང་རང་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་མ་བརླག་པར་རྒྱུན་འཛིན་བྱེད་བཞིན་པ་དེ་ཧ་ཅང་ཡག་པོ་རེད། ཅེས་བཀའ་སློབ་སྩལ་ཡོད།
དེ་ཉིན་སྔ་དྲོ་སྒྲུབ་ཞག་སྔོན་དུ་མཛད་དེ་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ནས་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་ཡོད། བཀའ་དབང་དངོས་གཞི་དབུ་འཛུགས་མ་གནང་གོང་མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་སྔོན་འགྲོའི་ཆོས་བཤད་སྩལ་གྲུབ་མཚམས། རྫོང་ཆོས་གྲྭ་ཚང་གི་ངོས་ནས་བོད་བསྟན་སྲིད་སྤྱིའི་ལ་རྒྱ་སེམས་ལ་བཞག་སྟེ་དཀའ་ངལ་ལ་གདོང་ལེན་གནང་བར་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། དགྲ༌ནག་བཅུ་གསུམ་མའི་བཀའ་དབང་སྐོར་ངོ་སྤྲོད་མཛད་ཡོད། དེ་རྗེས་༸གོང་ས་མཆོག་གིས་ཆོས་ཞུ་བ་མི་སྐྱ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་གནང་སྟེ་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་ཡོད།
གཞན་ཡང་མགོན་པོ་གང་ཉིད་མཆོག་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ཆིབས་ཞལ་མ་བསྒྱུར་གོང་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་སྦེལ་ཀོབ་ཁུལ་དུ་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོར་༸ཞབས་སོར་འཁོད་དེ་ཆོས་རྭ་གསར་པ་དབུ་འབྱེད་རབ་གནས་དང་བཀའ་སློབ་སྩལ་ཡོད། དེ་རྗེས་༸གོང་ས་མཆོག་གིས་གདན་ས་བཀྲིས་ལྷུན་པོའི་དགེ་འདུན་པ་རྣམས་ལ་རྟེན་འབྲེལ་བསྟོད་པའི་ལུང་ཡང་སྩལ་འདུག་པ་བཅས།།