༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེ་ཤོས་སི་ཌི་ནིའི་ཁུལ་དུ་གནས་བསྡོད་བོད་མི་རྣམས་ནས་ས་གནས་བོད་རིགས་མཐུན་ཚོགས་ཀྱི་འགན་འཁུར་རྐང་ལེན་ཐོག་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་སྒོར་ཁུལ་དེར་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་པའི་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་རྣམས་དང་། ཕྱོགས་བཞུགས་བོད་མི་མངསྤྱི་འཐུས་ལས་ཟུར་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམ་པ། ས་གནས་ཝ་རྭན་སྒལ་གྲོང་སྡེ་ལྷན་ཚོགས་ཀྱི་སྐུ་ཚབ། བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱུན་ལས་ཟུར་རྣམ་པ་དང་། མི་མང་བཅས་ཁྱོན་མི་གྲངས་བཞི་བརྒྱ་ལྷག་ཙམ་གྱིས་མཛད་སྒོར་མཉམ་བཞུགས་གནང་ཡོད། མཛད་སྒོའི་ཐོག་མ་རང་ལུགས་ལྟར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས་བོད་ཀྱི་རྒྱལ་གླུ་སྐད་བཟང་མཐོན་པོའི་ངང་བཏང་སྟེ་བོད་རྒྱལ་ཁབ་དང་། མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཁོང་རྣམས་ཀྱི་བྱས་རྗེས་ལ་ཡི་རང་དང་། མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་ཞུས་རྗེས་སྐུ་ཚབ་དོན་གཅོད་ལས་ཁང་གི་དྲུང་ཆེ་དང་། བླ་སྤྲུལ་དགེ་བཤེས་རྣམ་པ་བཅས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་སྐུ་ཕྱག་དང་། འཚམས་འདྲིའི་མཇལ་དར་རིམ་བཞིན་འབུལ་ལམ་ཞུས།
དེ་ནས་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ནེ་རྒན་དགོ་ཚང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་། ཡེ་ཤུའི་བླ་ཆེན་སྦིལ་ཀིརུསི་མཆོག་གིས་སྐུའི་འཁྲུངས་སྐར་དང་། མགོན་པོ་གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་འཛམ་གླིང་ཡུལ་གྲུ་གང་སར་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་པའི་སྐོར་གཏམ་བཤད་གནང་རྗེས། སྐུ་ཚབ་དོན་གཅོད་ལས་ཁང་གི་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་ལགས་ཀྱིས་སྲིད་སྐྱོང་མཆོག་གིས་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་དགའ་སྟོན་གྱི་ཉིན་མོར་ཡོངས་ཁྱབ་གསུང་བཤད་བོད་དབྱིན་གཉིས་ཀའི་ཐོག་ཚོགས་འཛོམས་ཡོངས་ལ་གལ་ཆེ་དོན་ཆེར་བརྩིས་ཏེ་སྒྲོགས་སྦྱང་གནང་། དེ་བཞིན་ས་གནས་ཝ་རང་སྒལ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཝ་ནེཡ་སི་ཡ་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན། གཡག་དང་། གཞས་སྣ་འཁྲབ་སྟོན་སོགས་དབུ་འཛུགས་གནང་ཡོད།
དེ་བཞིན་གོང་ཚེས་ཉིན་ཕྱེད་ཡོལ་དུ་ན་གཞོན་རྣམས་ཀྱིས་མཉམ་གཞས་དང་། རྐྱང་གཞས། འཁྲབ་གཞས་འཁྲབ་སྟོན་གནང་བར་སྐུ་མགྲོན་རྣམ་པ་དང་། མི་མང་བཅས་ནས་ལྷོད་བཞུགས་ཀྱིས་དགའ་མོས་ཆེན་པོ་གནང་ཡོད། གཞན་ཡང་ཀེན་སྦེ་རའི་བོད་མི་རྣམས་ཀྱིས་ཉིན་གཅིག་སྔ་སྣུར་གྱི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། མེལ་བྷོན་བོད་རིགས་མཐུན་ཚོགས་ཀྱི་འགན་འཁུར་ཐོག་བོད་ཀྱི་དུས་སྟོན་ཞེས་ཉིན་རིང་གཞས་སྣ་འཁྲབ་སྟོན་དང་། ཁོར་ཡུག་སྐོར་བགྲོ་གླེང་ཚོགས་འདུ་བཅས་གོ་སྒྲིག་གནང་ཡོད་འདུག་པ་བཅས།།