༢༠༡༣ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ཚོགས་འཕྲོད་བསྟེན་གྱི་ཟབ་སྦྱོང་ཐོག་གསུང་བཤད་གནང་ཡོད། ཕྱི་ཚེས་ ༡༥ ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ཐེ་ཝན་ནང་རྟེན་གཞི་བྱས་པའི་ཡང་མིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ལུ་ཤི་ཡན་གྱིས་འགོ་འཁྲིད་པའི་ཚོགས་ཆུང་ཞིག་ནས། རྡ་ས་བོད་ཀྱི་གསོལ་གྲོན་ཁང་དུ་བོད་མིའི་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་གཅིག་གི་སྨན་ཞབས་པ་ཁྱོན་མི་གྲངས་ ༡༨ ཙམ་ལ་སྤྱི་ཚོགས་འཕྲོད་བསྟེན་གྱི་ཟབ་སྦྱོང་ཞིག་འགྲོ་བཞིན་ཡོད་པ་ལྟར།
ཟབ་སྦྱོང་ཉིན་བཞི་པའི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག ཐེ་ཝན་ཡང་མིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་(Prof. Zxy Yann Lu) ལགས་ཀྱིས་གཙོས་ཕྱག་རོགས་རྣམ་པ། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། དྲུང་འཕར་ཚེ་རྒྱལ་ལགས། སྨན་ཞབས་རྣམ་པ་དང་འབྲེལ་ཡོད་ལས་བྱེད་བཅས་ལྷན་འཛོམས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བཀྲིས་དབྱངས་འཛོམས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཐེ་ཝན་ཡང་མིན་གཙུག་ལག་སློབ་གཉེར་ཁང་གི་ཟབ་ཁྲིད་པ་རྣམ་པས་གཙོས། ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་རྣམ་པ་ལྷན་རྒྱས་ཚང་མས་རྡ་སའི་ཆར་དུས་ཀྱི་དུས་སྐབས་འདིར་སྐུ་ངལ་འཛེམས་མེད་ཐོག་ཕེབས་པར་ཐུགས་རྗེ་ཆེ་དང་འཚམས་འདྲི་ཞུ་རྒྱུ་ཡིན། རྣམ་པ་ཚོས་ཐེ་ཝན་ནས་དྭང་དུ་བླངས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་འདིར་ཕེབས་པའི་སྨན་ཞབས་པ་རྣམས་ལ་སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་ཟབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཡི་རང་བསྔགས་བརྗོད་ཞུ་གི་ཡིན། ང་ཚོའི་སྨན་ཞབས་རྣམས་ནི་སློབ་གྲྭ་ཁག་འདྲ་མིན་དང་གཞིས་ཆགས་ཁག་ནས་ཡིན་སྟབས། ཕྱོགས་གཅིག་ནས་ཁོང་རྣམས་བོད་མིའི་སྤྱི་ཚོགས་ཀྱི་རྒྱབ་རྟེན་ལྟ་བུ་ཆགས་ཡོད།
ང་རང་ལ་ཆ་བཞག་ན་བོད་མིའི་སློབ་གྲྭ་ཁག་ནས་འཚར་ལོངས་བྱས་པ་ཞིག་ཡིན་པར་བརྟེན། ཁོང་རྣམ་པའི་རིན་ཐང་བྲལ་བའི་མཐུན་འགྱུར་དེ་སློབ་གྲྭའི་སློབ་མ་ཙམ་མ་ཟད། རྒྱ་ཆེ་ས་ནས་བཤད་ན་བོད་པའི་སྤྱི་ཚོགས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཆགས་ཡོད། སྤྱིར་བཏང་བཤད་སྲོལ་ཡོད་པ་ལྟར་ན་འཕྲོད་བསྟེན་ནི་རྒྱུ་ནོར་ཡིན་ཞེས་བརྗོད་ཀྱི་ཡོད། འཕྲོད་བསྟེན་ནི་བདེ་ཐང་གི་སྤྱི་ཚོགས་ཞིག་བསྐྲུན་རྒྱུའི་ལས་དོན་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། མང་ཚོགས་ལ་དེའི་ཐོག་ལ་གོ་རྟོགས་དང་སྦྱོང་བརྡར་ཡང་དེ་བཞིན་གྱི་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་ཀྱང་ཧ་ཅང་གལ་ཆེན་པོར་བརྩི་གནང་གི་ཡོད། ཟབ་སྦྱོང་བ་ཚང་མས་སོ་སོའི་ས་གནས་སུ་ཕྱི༝ར་ལོག་རྗེས་བདེ་ཐང་གི་བོད་མིའི་སྤྱི་ཚོགས་ཞིག་བསྐྲུན་རྒྱུར་འབད་བརྩོན་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། སྲིད་སྐྱོང་མཆོག་གིས་ཐེ་ཝན་ཡང་མིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་(Prof. Zxy Yann Lu) གཙོས་ཕྱག་རོགས་རྣམ་པར་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་སྒྲོན་འབུལ་གནང་ཡོད་པ་བཅས།།