༢༠༡༣ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པུ་ནེའི་ཝ་ཌ་ག་ཨོན་ཤིན་ཌེ་ས་གནས་སུ་ཡོད་པའི་ (FACT- Chhatrapati Shivaji Maharaj Museum on Indian History) ཞེས་པའི་འགྲེམས་སྟོན་ཁང་དུ་བོད་ཀྱི་འགྲེམས་སྟོན་དབུ་འབྱེད་མཛད་འདུག སྐབས་དེར་ཕྱི་དྲིལ་འགྲེམས་སྟོན་ཁང་ནས་ཕ་ཡུལ་ཕྱོགས་ལ་རྒྱང་བལྟ་ཞེས་པའི་བོད་དོན་དང་འབྲེལ་བའི་དཔེ་དེབ་དང་བོད་ཀྱི་བྱུང་རབས་ཀྱིས་གཙོས། ད་ལྟའི་བོད་ནང་གི་གནས་སྟངས། འདས་པའི་ལོ་ངོ་ ༥༠ ལྷག་རིང་བོད་ཕྱི་ནང་གཉིས་ཀྱི་དཀའ་སྡུག་སོགས་པར་རིགས་ཀྱི་ལམ་ནས་འགྲེམས་སྟོན་ཞུས་ཡོད།
དེ་ཡང་ཐོག་མར་༸གོང་ས་མཆོག་གིས་ཕ་རན་སི་ནས་ཡིན་པའི་རྩོམ་པ་པོ་ཀ་ལོ་ཌི་ཨར་པི་ (Claude Arpi)ལགས་ཀྱིས་བྲིས་རྩོམ་གནང་བ་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་ཞུས་པའི་བོད་ཀྱི་བྱུང་རབས་ལ་ཡུད་ཙམ་ལྟ་བ་ཞེས་པའི་ (Glimpses of the History of Tibet) དཔེ་དེབ་དབུ་འབྱེད་མཛད་པ་དང་འབྲེལ་འགྲོ་བ་མི་རིགས་ཚང་མ་གཅིག་མཚུངས་ཡིན་སྐོར་བཀའ་སློབ་སྩལ་དོན། ང་ཚོ་རིགས་རུས་དང། རྒྱལ་ཁབ། ཆོས་ལུགས་སོགས་ཀྱི་ཁྱད་པར་ལ་ལྟོས་མེད་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན། འོན་ཀྱང་ང་ཚོས་དེ་སྣང་མེད་དུ་བཏང་ནས་རྙོག་གྲ་མང་པོ་ཞིག་བཟོ་བཞིན་ཡོད། གལ་ཏེ་ང་ཚོས་འཛམ་གླིང་འདིའི་ནང་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་མཚུངས་ཡིན་འདུ་ཤེས་དོར་ན། འགྲོ་བ་མིས་བཟོ་པའི་དཀའ་རྙོག་དེ་དག་ཉུང་དུ་གཏོང་ཐུབ་རྒྱུ་ཁག་པོ་ཡིན། འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། འཛམ་གླིང་འདིའི་ནང་གི་རྒྱལ་ཁབ་དང་གླིང་ཕྲན་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་དགོས་ཡོད་སྟབས། ང་ཚོ་ཚང་མ་མཉམ་གནས་བྱེད་རྒྱུ་ལས་གདམ་ཁ་གཞན་མེད།
འཛམ་གླིང་གི་ཆོས་ལུགས་ཚང་མས་བྱམས་པ་དང་། སྙིང་རྗེ། བརྩེ་བའི་རིན་ཐང་སྐོར་གསུངས་ཀྱི་ཡོད། ང་ཚོས་འདས་པ་ནས་བསླབ་བྱ་བླངས་ཏེ་མ་འོངས་པ་ཡག་པོ་ཞིག་ཡོང་རྒྱུར་འབད་བརྩོན་ཤུགས་ཆེ་ཙམ་བྱེད་དགོས། རྩོད་རྙོག་ཇི་འདྲ་ཞིག་བྱུང་ཡང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་ཐུབ། དེ་བཞིན་རྒྱ་གར་མི་མང་རྣམས་ལ་གནའ་རབས་ནས་ཡོད་པའི་འཚེ་མེད་ཞི་བའི་སྲོལ་རྒྱུན་དེ་དག་མི་རབས་གཞོན་པ་ཚོས་མུ་མཐུད་བདག་གཅེས་བྱེད་དགོས། རྒྱ་གར་གྱིས་འཛམ་གླིང་ལ་བསླབ་པའི་རིན་ཐང་དེ་དག་ད་ལྟ་རྒྱ་གར་རང་གི་ལག་བསྟར་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
ཐེངས་འདིའི་འགྲེམས་སྟོན་གོ་སྒྲིག་གནང་མཁན་ནམ་རི་ཏ་(Namrita) དང་ཕ་རན་ཀོ་ཨིས་ (Francois Gautier) རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་བཙུགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་‘(Foundation Against Continuing Terrorism (FACT) –India)’ཞེས་པ་དེ་ཡིན་འདུག འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཤིཝ་སེ་ནའི་ཚོགས་གཙོ་ཨུ་ཌཝ་ཐཀ་རེ་(Uddhav Thakeray) ལགས་དང་། ཁོང་གི་བུ་ཨ་ཌི་ཏི་ཡ་ཐཀ་རེ་ (Aditya Thakeray) ལགས་བཅས་ཀྱིས་མཉམ་ཞུགས་གནང་འདུག དེ་བཞིན་མཛད་སྒོའི་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་ཞལ་འདོན་གསུང་འདོན་གནང་འདུག་པ་བཅས།།