༢༠༡༣ ཟླ་ ༧ ཚེས་ ༧ རེས་གཟའ་ཉི་མ།
༄༅། །འདི་ག་རྒྱ་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་སྦེལ་ཀོབ་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་ནི་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་སྐུ་འཁྲུངས་སྐར་ཉིན་མོ་ཡིན་པ་ལྟར། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་དར་རྒྱས་གླིང་དུ་བོད་མི་སེར་སྐྱ་མི་དམངས་ཁྲི་ཚོ་བརྒལ་བ་འདུ་འཛོམས་ཐོག་ སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ན་ཊ་ཀའི་བློན་ཆེན་སི་ཏ་ར་མ་ཡ་ ༼Shri Siddaramaiah༽ མཆོག་དང་། རྒྱ་གར་ཤར་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་ནམ་སྦམ་ཊུ་ཀི་ ༼Shri Nambam Tuki༽ མཆོག རྒྱ་གར་དབུས་གཞུང་ གྲོས་ཚོགས་འཐུས་མི་ཧ་ཝི་ཤི་ཝ་ཎ་ཐི་ ༼Shri H.Vishwanath༽ ཀ་ན་ཊ་ཀའི་མཉམ་འབྲེལ་སྤྱི་ཁྱབ་དབུ་འཛིན་ཤི་རི་མ་ཧ་དེ་ཝ ༼Shri H.S Mahadeva Prasad༽ ཀ་ན་ཊ་ཀའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཝན་ཁ་ཊི་ཤི ༼Shri K.Venkatesh༽ མངའ་སྡེ་གྲོས་ཚོགས་འཐུས་མི་མན་ཇུས་ན་ ཐ་ Shri H.P.Manjunath མེ་སོར་གྲོང་ཁྱེར་གྱི་སྤྱི་ཁྱབ་ཤི་རི་སི་རི་ནིས་ཝིས་ས་ Shri V.Srinivasa Prasad དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རོང་པོ་བློ་བཟང་སྙན་གྲགས ་ལགས། གདན་ས་ཁག་གི་མཁན་དགེ་བཤེས། ལྷོ་ཕྱོགས་ལུགས་ བསམ་གཞིས་ཆགས་ཁག་གི་དབུ་འཛིན་བཅས་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་ཆེད་ཕེབས་གནང་ཡོད།
ཉིན་དེའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མཛད་སྒོ་དངོས་སུ་དབུ་འཛུགས་ཐོག་ལུགས་ཟུང་བསམ་གྲུབ་གླིང་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུང་བཏང་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། སྦེལ་ཀོབ་བོད་མིའི་སློབ་གྲྭས་གོང་ས་མཆོག་ལ་བསྟོད་གླུ་ཕུལ། དེ་ནས་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་གསུང་བཤད་གནང་གྲུབ་རྗེས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཧིན་དྷུའི་ཆོས་དཔོན་བཅས་ཀྱིས་གསུང་བཤད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གིབགསུང་བཤད་སྒྲོགས་སྦྱང་གནང་། དེ་བཞིན་ཨ་རུ་ཎ་ཅལ་བློན་ཆེན་ནམ་སྦམ་ཊུ་ཀི་མཆོག ཀ་ཎ་ཊ་ཀའི་བློན་ཆེན་ཀ་ན་ཊ་ཀའི་བློན་ཆེན་སི་ཏ་རམ་ཡ་མཆོག ཁ་ཆེའི་ཆོས་དཔོན་སོགས་ཀྱིས་གསུང་བཤད་རྒྱས་པ་གནང་ཡོད།
ལྷོ་ཕྱོགས་གཞིས་ཆགས་ཁག་ཐུན་མོང་ནས་ཀ་ཎ་ཊ་ཀའི་བློན་ཆེན་ལ་ཐུགས་རྗེ་ལེགས་འབུལ་མཚོན་པའི་ཕྱག་རྟགས་ཕུལ། དེ་ནས་སེར་སྨད་མཁན་པོ་དང་ལྷོ་ཕྱོགས་གཞིས་མགོ་ཟུང་ནས་བཀྲ་ཤིས་པའི་དགའ་སྟོན་ཉིན་མོར་སྦེལ་ཀོབ་ས་གནས་སྐྱ་སེར་རྒྱ་ཆེ་ཡོངས་རྫོགས་དང། སེར་བྱེས་མཁན་སྙན་གྲྭ་ཚང་མཐུན་མོང་ནས་༸གོང་ས་མཆཽག་དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉོན་མོར་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་རྗེས་དྲན་ཞུ་བའི་སླད་འཇིག་རྟེན་མུན་སེལ་གྱི་གཟེངས་བསྟོད་འབུལ་ལམ་ཞུས། དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཏམ་བཤད་ནང་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་གསུང་དོན། རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་ནས་བོད་མི་ཚོ་བཙན་གནོན་འོག་གནས་ཡོད། བོད་ས་ཤོར་ནས་མི་ལོ་དེ་འདྲ་མང་པོའི་རིང་བོད་གཞིས་བྱེས་མི་དམངས་ཀྱིས་བོད་ཀྱི་རང་དབང་བདེན་དོན་རྩོད་པའི་སེམས་ཤུགས་ནམ་ཡང་ཉམས་མེད་ལ། ཉེ་བའི་ལོའི་ནང་བོད་མི་བརྒྱ་དང་བཅུ་དགུ་ཡིས་བོད་སྤྱིའི་རང་དབང་སླར་གསོའི་སླད་རང་ལུས་མེེར་སྲེག་གནང་སྟེ་འཐབ་རྩོད་བྱས་པ་རེད། རྒྱ་ནག་གཞུང་གི་བཙན་གནོན་དེའི་འོག་ནས་བོད་ནང་གི་གཞོན་སྐྱེས་གཞས་པ་མི་ཉུང་བ་ཞིག་གིས་༸གོང་ས་མཆོག་ལ་བསྟོད་གླུ་གཅིག་མིན་གཉིས་མིན་འབུལ་གྱི་ཡོད། བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་ལ། མུ་མཐུད་བོད་རྒྱ་གཉིས་ཕན་གྱི་ཆབ་སྲིད་ལྟ་གྲུབ་འདིའི་སྒང་ནས་ཤར་བསྐྱོད་བྱ་རྒྱུ་ཡིན་པ་མ་ཟད། བཀའ་ཤག་གི་གཞི་རྩའི་ལངས་ཕྱོགས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་ལ་བརྟེན་ནས་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་། རིང་མིན་ཟླ་བ་དགུ་པའི་ནང་བཀའ་ཤག་ནས་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་བསྐོང་འཚོགས་བྱས་ནས་ཚོགས་མི་གསར་པ་འདེམས་བསྐོ་བྱ་རྒྱུ་ཡིན་ལ། བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་ཐབས་ལ་ནུས་ཤུགས་བཏོན་ནས་བོད་ཀྱི་བདེན་མཐའ་གསལ་རྒྱུ་དང་༸གོང་ས་མཆོག་མགྱོགས་ནས་ མྱུར་དུ་རང་ཡུལ་བོད་གངས་ཅན་ཞིང་དུ་ཆིབས་སྒྱུར་བསྐྱང་ཐུབ་པར་འབད་པ་ཧུར་བསྐྱེད་ཞུ་རྒྱུ་ཡིན།
དེ་རྗེས་༸གོང་ས་མཆོག་གི་བཀའ་སློབ་སྩལ་དོན། དེི་རིང་ངའི་སྐྱེས་སྐར་གྱི་མཛད་སྒོ་འདིར་དངོས་སུ་བཅར་བའི་ཡེ་ཤུ་དང་། ཁ་ཆེ། ཧིན་དྷུ་སོགས་ཆོས་ལུགས་རིས་ མེད་ཀྱི་བླ་ཆེན་ཚོ་ཕེབས་པ་ཧ་ཅང་དགའ་པོ་བྱུང་། ཡེ་ཤུའི་ཆོས་ལུགས་ནི་འཛམ་གླིང་ནང་དར་ཁྱབ་ཧ་ཅང་ཆེ་ཤོས་དེ་རེད་ལ། དེ་ནས་ཁ་ཆེ་སོགས་དར་ཁྱབ་ཆེན་པོ་ཡོད་པ་རེད། འཛམ་གླིང་འདིའི་སྒང་གི་ཆོས་ལུགས་རྣམས་ལྟ་གྲུབ་དང་འདོད་ཚུལ་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས། ཆོས་ལུགས་ནང་ཕན་ཚུན་རྩོད་རེས་དང་ཐ་ན་གསོད་རེས་གཏུབ་རེས་བྱེད་པ་ནི་ཧ་ཅང་གིས་བློ་ཕམ་སྐྱེ་གཞི་དང་། དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། སྤྱིར་ཆོས་ལུགས་ཁག་གི་ལྟ་གྲུབ་འདོད་ཚུལ་མི་འདྲ་བ་ཡོད་པ་དཔེར་ན། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་ཁས་མི་ལེན་མཁན་སོགས་མི་འདྲ་བ་ཡོད་པ་རེད། འོན་ཀྱང་ཆོས་ལུགས་འདྲ་མི་འདྲ་ཚང་མིས་མདོ་དོན་འབབ་ས་དང་དམིགས་འབེན་ནི་མི་དྲང་པོ་བྱེད་རྒྱུ་དང་། སེམས་པ་བཟང་པོ་བྱེད་རྒྱུ། གཞན་ལ་ཕན་འདོགས་རྒྱུ། མིའི་སེམས་རྒྱུད་ལ་བྱམས་བརྩེ་སྤེལ་རྒྱུ་བཅས་ཡིན་པས། ཆོས་ལུགས་ལ་བརྟེན་ནས་འཁྲུགས་རྩོད་དང་གསོད་གཏུབ་བྱེད་པ་སོགས་ནི་ཧ་ཅང་མ་རུངས་པ་མི་འོས་པ་ཡིན་དུས། ང་ཚོ་ཆོས་ལུགས་ཚོའི་དབུ་ཁྲིད་ཚོ་མཉམ་དུ་འཛོམས་རྒྱུ་དང་འབྲེལ་བ་ཡག་པོ་བཟོས་ནས་མཐུན་ལམ་གང་ཟབ་གནང་དགོས། དེ་ལྟར་བྱས་ནས་ཆོས་ལུགས་སོ་སོའི་རྗེས་འབྲངས་ པ་ཁྲི་མ་འབུམ་ལ་བག་ཆགས་བཟང་པོ་འཇོག་ཐུབ། རྒྱུ་མཚན་དེ་འདྲ་ཡིན་པས་དེ་རིང་ཆོས་ལུགས་ཁག་མང་པོ་ཞིག་གི་དབུ་ཁྲིད་འདིར་ཕེབས་པ་ང་རང་ཧ་ཅང་ དགའ་པོ་བྱུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་ངོས་ཀྱི་སྐྱེས་སྐར་ཉིན་མོར་ས་ཆ་འདིར་དངོས་སུ་བཅར་ཐུབ་ཡོད་མེད་ཇི་ལྟར་ཡང་། འཛམ་གླིང་ཤར་ནུབ་གང་སར་ངོས་དང་སེམས་ཐག་ཉེ་པོ་བྱེད་མཁན་གྱི་གྲོགས་པོ་གྲོགས་མོ་ཧ་ཅང་མང་པོ་ཡོད། གལ་ཏེ་དེ་དག་ནང་ནས་ཞིག་གིས་ངའི་སྐྱེས་སྐར་ཉིན་མོར། ང་ལ་ལག་རྟགས་གནང་འདོད་ཡོད་ཚེ། དེ་ནི་དུས་རྒྱུན་དུ་སེམས་པ་བཟང་པོ་བྱས་ནས། མི་གཞན་ལ་གནོད་མི་སྐྱེལ་བ་དེ་ཡིན། གལ་ཏེ་ཁྱོད་རང་སེམས་འཁྲུགས་པ་དང་སེམས་པ་མ་རུངས་པ་སྐྱེས་པའི་སྐབས་ལ་ངའི་གདོང་པ་དྲན་པ་གྱིས་ནས་སེམས་རྒྱུད་མ་རུངས་པ་དེ་ལྡོག་རོགས་གནང་། དེ་ལྟར་བྱས་པ་ཡིན་ན། ངའི་སྐྱེས་སྐར་གྱི་ལག་རྟགས་ཆེས་བཟང་ཤོས་དེ་ཡིན་པས། ཁྱོད་ཀྱིས་ངའི་སྐད་ཆ་འདི་སེམས་ལ་འཇོག་རོགས་ཞེས་བཀའ་སློབ་སྩལ། དེ་རྗེས་ས་གནས་རྒྱ་གར་ཡུལ་མིའི་ཞབས་བྲོ་དང་སྤེལ་ཀོབ་བོད་ཕྲུག་སློབ་གྲྭས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་ཞུས་གྲུབ་མཚམས། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་གྲྭ་ཚང་མཁན་པོ་མཆོག་གིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ནས་འཁྲུངས་སྐར་གྱི་དངོས་གཞིའི་མཛད་རིམ་ཡོངས་སུ་མཇུག་བསྒྲིལ། ༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཆེད་བཅར་ཞུས་པའི་བོད་ཀྱི་སེར་སྐྱ་མི་དམངས་ཁྲི་ཚོ་བརྒལ་འདུག་ལ། དེ་བཞིན་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་སྦྱིན་བདག་བཅས་ལ། སེར་བྱེས་གྲྭ་ཚང་གིས་ཉིན་གུང་གསོལ་ཚིགས་དགྱེས་སྟོན་བཤམས་པ་མ་ཟད། ཕྱི་དྲོ་ཆུ་ཚོད་གཉིས་པ་ནས་ས་གནས་གཞིས་ཆགས་ཁག་སོ་སོ་དང་སློབ་གྲྭ་ཆུང་འབྲིང་། དེ་བཞིན་རྒྱ་གར་བ་བཅས་ནས་བཀྲ་ཤིས་དགའ་སྟོན་མཚོན་པའི་གཞས་དང་ཞབས་བྲོ་ཅི་རིགས་འཁྲབ་སྟོན་ཞུས་ཏེ་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས། །