༢༠༡༣ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར།
༄༅། །འདི་གར་ལྡི་ལི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ལྡི་ལི་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་མཛད་སྒོོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་། བྷུ་དྷ་བྷི་ཧར། དེ་བཞིན་ལྡི་ལི་གནས་སྡོད་སེར་སྐྱ་བོད་མི་དང་འགོ་ལས་ཡོངས་ནས་རང་ལུགས་ཆས་གོས་གཟབ་མཆོར་སྤྲས་ཏེ་བོད་ཁྱིམ་སློབ་གྲྭའི་མདུན་ཐང་དུ་ཚང་འཛོམས་ཐོག་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསངས་གསོལ་དང་། སྐུ་རླུང་དར་འཛུགས། དེ་བཞིན་ལྷ་རྒྱལ་འཐེན་ཡོད།
དེ་རྗེས་འགོ་ལས་དང་མི་མང་ཡོངས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སེར་ཕྲེང་དང་བཅས་སློབ་གྲྭའི་ཚོགས་ཁང་ནས་གདན་ཞུས་ཀྱིས་བཞུགས་འཁྲིར་འཁོད་བསྟུན། སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་རྣམ་པ། ས་གནས་འགོ་འཛིན་བཅས་ཀྱིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མནྡྲལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས། རིམ་བཞིན་ལས་བྱེད་དང་། ཚོགས་པ་ཁག་གི་ཚོགས་གཙོ་དང་སེར་སྐྱ་མི་མང་རྣམས་ནས་མཇལ་དར་སྒྲོལ་འབུལ་ཞུས་ཡོད།
དེ་རྗེས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་གིས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་དྲུག་ཅུའི་དབྱངས་ལྡན་མཉམ་གཞས་བཏང། དེ་བཞིན་བོད་ནང་རང་དབང་གི་དོན་དུ་རང་སྲོག་བློས་གཏོང་མཁན་རྒྱལ་གཅེས་པ་འདས་གསོན་ཕོ་མོ་ཡོངས་དང་། ལྷག་པར་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཆེད་སྐར་མ་གཅིག་རིང་ངག་བཅས་ཞུས་ཡོད།
དེ་ནས་སྐུ་མགྲོན་གཙོ་བོས་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མངར་ཟས་ཀེག་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་འདེགས་འབུལ་ཞུས། དེ་རྗེས་བསམ་ཡས་གླིང་བརྒྱ་འཐུས་ལས་ཁུངས་ནས་སྐུ་མགྲོན་དང་མི་མང་ཡོངས་ལ་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ།
དེ་ནས་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་། མི་མང་ཡོངས་ལ་འཚམས་འདྲི་དང་སྦྲགས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད། སྐབས་དེར་མཛད་སྒོའི་ཐོག་ཕེབས་པའི་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝ་ཇ་ཧདྷ་ཧ་བྷིབ་བྷུ་ལ་ཧ་Wajahad Habibbulah ལགས་ཀྱིས་སྐུའི་འཁྲུངས་སྐར་ཉིན་དགའ་བསུའི་འཚམས་འདྲི་དང་། མི་མང་ལ་གསུང་བཤད་གནང་ཡོད།
དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་སྐུའི་འཁྲུངས་སྐར་ཉིན་སྲིད་སྐྱོང་མཆོག་གི་གསུང་བཤད་སྒྲོགས་སྦྱང་དང་མི་མང་རྣམས་ལ་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
གཞན་ཡང་དུས་ཆེན་ཐོག་རྒྱལ་བའི་སྐུ་ཚེ་ཚེ་སྒྲུབ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཆེད་སྐུ་མགྲོན་གཙོ་བོ་མཆོག་དང་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོས་དབུས་འགོ་ལས་ཡོངས་ནས་བྱིའུ་ཚེ་མཐར་བཏང་། དེ་བཞིན་བོད་ཁྱིམ་ཉི་མོའི་སློབ་གྲྭའི་སློབ་ཕྲུག་དང་། ལྡི་ལི་མཐོ་སློབ་བོད་ཁྱིམ་སྡོད་ཁང་གིས་གོ་སྒྲིག་ཞུས་པའི་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག དེ་བཞིན་ན་གཞོན་ཁག་གཅིག་གིས་དེང་དུས་ཀྱི་གཞས་སྣ་འཁྲབ་སྟོན་གནང་ཡོད། ཕྱོགས་མཚུང་སྐུའི་འཁྲུངས་སྐར་ཉིན་དེར་ལྡི་ལི་དོན་གཅོད་ལས་ཁང་ནས་གོ་སྒྲིག་ཞུས་པའི་སྐུ་མགྲོན་དང་མི་མང་རྣམས་ལ་རྒྱལ་བའི་གསུང་རྩོམ་འགྲེམས་སྟོན་གནང་ཡོད།
མཐའ་དོན་གཞིས་སྒར་བསམ་ཡས་གླིང་བརྒྱ་དཔོན་དཀར་རྟེན་ཚེ་རིང་ལགས་ཀྱིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་མི་མང་། མཛད་སྒོ་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཇུག་བསྡོམས་གསུང་བཤད་གནང་བ་དང་། རང་གཞུང་སྐུ་མགྲོན་རྣམ་པ་དང་། མངའ་སྡེ་གཞུང་གི་སྐུ་མགྲོན། རྒྱ་གར་མི་མང་། དེ་བཞིན་བོད་མི་ཡོངས་ལ་ཉིན་དགུང་གསོལ་ཚིགས་རྒྱས་བ་ཕུལ་ཏེ་སྐུ༜འི་འཁྲུངས་སྐར་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།