༢༠༡༣ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་ཁང་དུ་ལས་བྱེད་དམིགས་སྒོ་རྣམས་ཀྱི་ཆེད་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། ལས་བྱེད་དབུས་འོས་བསྡུ་ལྷན་ཁང་དང་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་མཆོག འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། ས་རྰ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། འབྲེལ་ཡོད་ལས་བྱེད་དང་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་པ་བཅས་ཁྱོན་མི་གྲངས་ ༥༠ ཙམ་ལྷན་ཞུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་ཕུལ་གྲུབ་བསྟུན་བོད་མིའི་རྩ་དོན་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་བའི་རྒྱལ་གཅེས་པ་རྣམ་ལ་རྗེས་དྲན་དང་གུས་བརྩིའི་ཞུ་རྒྱུར་མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ།
དེ་ནས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་ལགས་ཀྱིས་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་ལས་བྱེད་གནས་ཚད་མཐོར་འདེགས་ཐོག་བོད་ཀྱི་སྤྱི་དོན་དུ་ནུས་པ་ཐོན་པ་ཡོང་རྒྱུར་ཟབ་སྦྱོང་ནང་བཞུགས་མཁན་སོ་སོ་རང་ཉིད་ཀྱི་གནས་ཚད་གོང་སྤེལ་ཡོང་ཆེད་ཤུགས་བརྒྱབ་སྟེ་འབད་པ་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང། དེ་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་བྱ་བ་གལ་ཆེན་གྱི་ལས་དོན་ཞིག་ལ་ཞུགས་རྒྱུར་ཐོག་མར་ཀུན་སློང་བཟང་པོས་ང་ཚོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་ལས་ཀྱི་འབྲེལ་བ་ཡོད་པའི་གང་ཟག་ཅིག་བོད་ཆག་འཇིགས་ཀྱི་སྐབས་འདིར་སྲི་ཞུའི་ནང་སླེབས་པ་སྐལ་བ་བཟང་པོ་ཡིན་པ་བསམ་བློའི་ནང་དྲན་དགོས་པ་དང་། བསྔོ་བ་ནི་ཕྱིས་སུ་རྒས་ཡོལ་སྐབས་ལས་དོན་གང་བྱས་པ་དེར་བྱེད་རྒྱུ་དང་། འབྱུར་འགྱུར་ལོ་བཅོ་ལྔ་ཙམ་རྗེས་བོད་མིའི་སྒྲིག་འཛུགས་གང་འདྲ་ཆགས་ཀྱི་ཡོད་མེད་ད་ལྟའི་ཁྱེད་རྣམས་པའི་ལྷག་བསམ་དང་ཤེས་ཡོན་གནས་ཚད། བསམ་བློའི་འཁྱེར་ཕྱོགས། ལས་དོན་གནང་ཕྱོགས་དེ་རང་ཡིན་སྐོར་སོགས་ཀྱི་ཀུན་སྤྱོད་སྒྲིག་ལམ་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནད་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན། ང་ཚོའི་བཙན་བྱོལ་གཞུང་གི་ཁྲིམས་དང་སྒྲིག་གཞི་ཧ་ཅང་སྤུས་དག་པོ་རྒྱ་ཆེ་ཡོད་པ་མ་ཟད། སྤྱིར་བཏང་ཆབ་སྲིད་ཁོར་ཡུག་དང་གནས་སྟངས་གང་ཡོད་པ་དེ་ཤེས་ཡོན་ཐོག་ནས་བྱུང་ཡོད། དེ་བཞིན་མ་འོངས་པར་དཀའ་ངལ་མི་ཡོང་ཆེད་འདིར་ཟླ་བ་ལྔ་དེ་བོད་ཡིག་ཡར་རྒྱས་ཀྱི་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཡིན་པས་སློབ་སྦྱོང་ཡག་པོ་བྱེད་དགོས།། དེང་འཛམ་གླིང་འདིའི་ཐོག་བོད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་བྱེད་རྒྱུ་ཤུགས་ཆེར་འགྲོ་བ་དེ་གང་འདྲ་ཡོང་གི་ཡོད་ཟེར་ན། བོད་མིའི་རྩ་དོན་གྱི་བདེན་པ་དང་།
ལངས་ཕྱོགས་ཡག་པོ་ཡིན་པ་ར་འཕྲོད་ནས་འགྲོ་གི་ཡོད། དེར་བརྟེན་མ་འོངས་པར་འཐབ་རྩོད་བྱེད་རྒྱུའི་ཆེད་གནས་ཚད་ཀྱི་འདང་བ་ཡོང་ཆེད་སློབ་སྦྱོང་ཡག་པོ་གནང་དགོས། མང་གཙོ་ནང་གོ་སྐབས་བཟང་པོ་ཡོད་པས་སོ་སོའི་ངོས་ནས་དམིག་ཡུལ་བརྟན་པོ་བཟུང་སྟེ་ཤུགས་རྒྱག་དགོས་པ་དང་། དེ་བཞིན་འཛམ་གླིང་འདིའི་སྟེང་བོད་མིར་ཆ་མཐོང་དང་རྒྱབ་སྐྱོར་ཡོང་རྒྱུ་ནི་ཆོས་རིག་གཞུང་ངོམ་ཆོག་པ་འདི་ཡིན་པས་སྦྱང་བརྩོན་གྱིས་བོད་མིའི་ཆབ་སྲིད་གནས་སྟངས་ལ་དོ་སྣང་བྱས་ཏེ་ཧུར་ཐག་གནང་དགོས་པ་སོགས་ཀྱི་གསུང་བཤད་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ།
ཐེངས་འདིའི་ལས་བྱེད་དམིགས་སྒོའི་ཡིག་རྒྱུགས་ནང་ཆ་རྐྱེན་ཚང་བའི་མི་གྲངས་ ༨༨ བྱུང་བའི་ནང་ཡིག་རྒྱུགས་དངོས་སུ་ཞུགས་མཁན་གྲངས་ ༧༧ བྱུང་བའི་ནང་ནས་བརྒྱ་ཆ་མཐོ་བ་གྲངས་ ༤༠ འདེགས་སྒྲུག་གིས་ཟླ་བ་ལྔ་རིང་ལས་བྱེད་ཀྱི་རྩ་བའི་ཤེས་བྱ་བོད་ཡིག་དང་དབྱིན་ཡིག་སྤྱི་ཡོངས་ཀྱི་གནས་ཚད་ཐོག་ཆབ་སྲིད། རྨང་གཞི་དང་རྩིས་ཀྱི་སློབ་སྦྱོང་བཅས་ཟབ་སྦྱོང་གནང་རྒྱུ་ཡིན་འདུག