༢༠༡༣ ཟླ་ ༧ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༨ ནས་ ༢༦ བར་ས་གནས་ཁ་འཐོར་གྱི་རྐྱེན་པས་འགྲུལ་བཞུད་ཀྱི་དཀའ་ངལ་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་མང་ཚོགས་ལ་ཁྲིམས་ཀྱི་གོ་རྟོགས་སྤེལ་རྒྱུ་གལ་གནད་ཆེན་པོར་བརྩིས་ཏེ་ཁྱབ་ཁོངས་ཆུ་ཤུལ་དང་། བཀག་གཞུང་། འགུ་ཡུལ། ཧན་ལེ། ཉོ་མ། ཅུ་མུར། སུམ་མདོ། མཁར་ནག ས་སྨད་བཅས་བྱང་ཐང་ས་ཁག་དགུ་སོ་སོའི་མཐུན་རྐྱེན་གནས་སྟངས་ལ་གཞིགས་པའི་ཚོགས་ཁང་དང་། སྡོད་གུར་བཅས་ཀྱི་ནང་མི་མང་ཁྱོན་བསྡོམས་གྲངས་ ༦༢༣ ལ་བཙན་བྱོལ་བོད་མིའི་དབུས་ས་གཉིས་ཀྱི་མང་གཙོའི་ཀ་བ་གསུམ་ངོ་སྤྲོད་དང་། ཁྲིམས་ཞིབ་ཁང་གོང་འོག་གི་ངོ་སྤྲོད། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་ཆོག་པའི་རྩོད་གཞི། ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་དང་ལམ་སྟོན་ཁག བཅའ་ཁྲིམས་དགོངས་དོན་གཞི་རྩའི་ཐོབ་ཐང་དང་ལས་འགན་ཁག ཁྲིམས་ཞིབ་ཁང་དང་འབྲེལ་བའི་༸གོང་ས་མཆོག་གི་བཀའ་སློབ་ཟུར་བཏོན་བཅས་འབྲེལ་ཆགས་དོན་ཚན་མང་ཆེ་བ་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་ཐོག་ནས་གོ་རྟོགས་མཐིལ་ཕྱིན་པ་སྤེལ་ཐོག་དྲི་བ་བྱུང་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་བར་མང་ཚོགས་ནས་དོ་སྣང་ཆེན་པོ་གནང་འདུག་པ་བཅས། །