༢༠༡༣ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཤིང་ཧྭ་ Xinhua དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བའི་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ Yu Zhengsheng ཀན་སུའི་ཞིང་ཆེན་ Gansu province ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕྱིན་ཡོད། སྐབས་དེར་ཁོ་པས། བོད་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་གཏོང་བའི་ལས་གཞི་གལ་ཆེན་གཉིས་ཤུགས་ཆེར་སྤེལ་ཏེ་འཚོ་བ་ཡར་རྒྱས་ཕྱིན་ཚེ། བོད་རིགས་མི་མང་སྔར་ལས་ཏང་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྦྲེལ་ཐུབ་པའི་སྐོར་དང། ཏཱ་ལའི་བླ་མའི་བོད་ཆེན་པོའི་ཚད་མཐོའི་རང་སྲིད་རང་སྐྱོང་དམིགས་འབེན་དུ་བཟུང་བའི་དབུ་མའི་ལམ་ནི། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་གཉིས་དང་ཡོངས་སུ་འགལ་ཟླ་ཡིན་སྐོར་བརྗོད་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལན་འདེབས་གནང་དོན།
ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་སྐད་ཆ་དང་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཧ་ཅང་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་གཉིས་མཐའ་གཅིག་ཏུ་འགལ་བ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་བསྐྱར་ནན་ཐོག་ཞུ་རྒྱུའི་གནད་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་ཁ་ཞེ་གཉིས་མེད་ཀྱི་བརྟན་ལྷིང་བཟོ་དགོས་ན། བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་སྲིད་བྱུས་ཇི་འདྲ་ཞིག་ལག་བསྟར་བྱས་ཀྱང་བོད་མི་ཚོའི་མངོན་འདོད་ལ་བརྩི་བཀུར་ཞུ་དགོས། བོད་མི་ཚོའི་འཚོ་བའི་གནས་སྟངས་ཕྲན་བུ་ཡར་རྒྱས་འགྲོ་རྒྱུ་དེ་ལས་ཆབ་སྲིད་ཀྱི་རང་དབང་དགོས་རྒྱུ་ནི་གནད་དོན་ཆེ་བ་ཆགས་ཡོད། ལྷག་པར་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དང་ཡོངས་སུ་འགལ་སྐོར་བརྗོད་པ་དེ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པ་ལྟར། བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པའི་ཀུན་སློང་ལ་ཐེ་ཚོམ་བྱས་པར་བརྟེན། རྩ་ཁྲིམས་ཀྱི་ལས་འགན་ལས་གཡོལ་ཐབས་བྱས་པ་ཞིག་ཡིན་པ་གསལ་པོར་མཚོན་ཐུབ། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༦ ཉིན་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཅེས་པའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ་ནམ་ཡང་འགྲོ་གི་མེད་པ་གསལ་པོར་བཀོད་ཡོད། ཅེས་ལན་འདེབས་གནང་ཡོད།
དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡིན་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ཆོད་སེམས་བརྟན་པོས་རྒྱུན་འཁྱོངས་གནང་མུས་ཡིན་པ་བསྐྱར་ནན་ཞུ་རྒྱུ་མ་ཟད། བོད་ཀྱི་གནད་དོན་དེ་བཞིན་ཕན་ཚུན་གྲོས་མོལ་ཐོག་ཞི་བའི་ལམ་ནས་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་འཆང་བཞིན་པར་བརྟེན། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དབུ་ཁྲིད་རྒྱུན་འཛིན་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་འཛིན་བཞིན་པའི་སྲིད་བྱུས་འོག་བོད་མིའི་འགོ་ཁྲིད་ཚོས་རྒྱ་ནག་དབུ་ཁྲིད་དང་ལྷན་གནས་དུས་གང་འདྲ་ཞིག་ལའང་དོན་སྙིང་ལྡན་པའི་གྲོས་མོལ་ཆེད་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུངས་ཡོད།
བོད་ནང་དུ་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་མུ་མཐུད་ངོ་རྒོལ་བྱེད་བཞིན་པར་བརྟེན་གནས་སྟངས་ཛ་དྲག་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མུ་མཐུད་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས། ལོ་རྒྱུས་ནང་ནམ་ཡང་བྱུང་མྱོང་མེད་པའི་བོད་མདོ་དབུས་ཁམས་གསུམ་ནང་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༡༩ ནས་རང་ལུས་མེར་སྲེག་བཏང་ཡོད། བོད་མི་དེ་དག་གིས་མངོན་འདོད་གཙོ་བོ་ནི་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པ་དང་བོད་མི་ཚོར་རང་དབང་དགོས་པ་ཡིན། མ་ཡིག་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།