༢༠༡༣ ཟླ་ ༧ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པ་ (Freedom House) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་དངརང་དབང་སྲུང་སྐྱོབ་ཚོགས་པས་ཉིན་ཤས་གོང་རྒྱ་ནག་ནང་གི་དྲ་རྒྱའི་བརྒྱུད་ལམ་གྱི་གནས་བབས་སྐོར་དང་འབྲེལ་ལོ་འཁོར་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་སྟེ། རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་སོང་རྗེས་སུ་དྲ་ལམ་བཀག་བསྡོམས་མུ་མཐུད་བྱེད་བཞིན་པའི་གནད་དོན་ཁག་གཅིག་ཞིབ་ཕྲ་ཕྱིར་བསྒྲགས་གནང་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། གླེང་བརྗོད་ངོ་སྤྲོད་སོགས་ཤོག་གྲངས་ཉི་ཤུ་རྩ་གྲངས་ཡོད་པའི་ཁ་བྱང་ལ་(Throttling Dissent: China’s New Leaders Refine Internet Control) ཞེས་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་ལ་ལྟོས་མེད་དྲ་ལམ་བཀག་བསྡོམས་མུ་མཐུད་བྱེད་བཞིན་ཡོད་སྐོར་བཀོད་ཡོད།
སྔ་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ བར་ལོ་གཅིག་གི་ཞིབ་འཇུག་གི་སྙན་ཐོ་དེའི་ནང་འཁོད་དོན། དེང་སྐབས་རྒྱ་ནག་ནང་དྲ་ལམ་བེད་སྤྱོད་བྱེད་མཁན་མི་ས་ཡ་ ༥༦༤ ཡོད་པ་དང། ལག་ཐོགས་ཁ་པར་བེད་སྤྱོད་བྱེད་མཁན་མི་ས་ཡ་ ༩༨༦། དེ་བཞིན་མི་འབོར་ས་ཡ་ ༨༠༠ ལྷག་ལ་གསར་འགྱུར་ཡོང་ཁོངས་བརྙན་འཕྲིན་བརྒྱུད་ལམ་ཁོ་ན་ཆགས་ཡོད་པ་སོགས་ཁ་གྲངས་ཁག་གཅིག་དཔྱད་ཞིབ་ཀྱིས་གསལ་སྟོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་བརྒྱུད་ལམ་དེ་དག་ལ་བཀག་བསྡོམས་དང་དམ་བསྒྲགས་བྱེད་ཚུལ། བརྒྱུད་ལམ་དེ་དག་གཉེར་མཁན་ལ་བསུན་གཙེར་དང་འཛིན་བཟུང། བཟང་བཙོན་ཉེས་ཁྲིམས་སོགས་བཏང་ནས་སྲིད་བྱུས་དམ་པོ་འཛིན་བཞིན་ཡོད་པའི་སྔ་རྗེས་གནས་ཚུལ་ཁག་གཅིག་ཀྱང་བཀོད་འདུག
ལྷག་པར་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་འདི་ལོའི་འགོ་སྟོད་ནས་ཉུང་མཐར་བོད་ནང་གི་བོད་མི་བཅུ་གཉིས་ཙམ་ཞིག་ལ་རང་ལུས་མེར་སྲེག་གི་བརྒྱུད་སྐུལ་གྱི་བསྙད་འདོགས་བྱས་པ་མ་ཟད། ལག་ཐོགས་ཁ་པར་བརྒྱུད་རང་ལུས་མེར་སྲེག་གཏོང་མཁན་གྱི་འདྲ་པར་ཕྱི་ཕྱོགས་སུ་བཏང་བ་བརྗོད་དེ་དོ་དམ་བཀག་ཉར་བྱས་ཡོད་སྐོར་འཁོད་འདུག དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་བེལ་ཞི་བདེེའི་གཟེངས་རྟགས་ཐོབ་མཁན་རྩོམ་པ་པོ་ལིའུ་ཞའོ་པོས་གཙོས་ཤེས་ཡོན་ཅན་དང་སྒྱུ་རྩལ་བ་ཁག་གཅིག་བཟང་བཙོན་འོག་གནས་བཞིན་ཡོད་སྐོར་སོགས་འཁོད་འདུག་པ་བཅས། །