༢༠༡༣ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༧ ཉིན་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་བོད་ནང་གི་དཀའ་ངལ་དེ་ཛ་དྲག་ཆེ་རུ་ཕྱིན་ཡོད་སྟབས། རྒྱ་ནག་གཞུང་གི་དབུ་ཁྲིད་གསར་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབར་འབྲེལ་མོལ་སླར་གསོ་ཡོང་བའི་རེ་བ་ཆེན་པོ་གནང་གི་ཡོད་སྐོར་བརྒྱུད་ལམ་ཁག་གཅིག་ནང་གསུང་དོན། བོད་རྒྱའི་དཀའ་རྙོག་ད་ལྟ་བར་དུ་སེལ་ཐུབ་མེད་ལ་ཆུང་དུ་ཡང་ཕྱིན་མེད། དེ་ལས་ལྡོག་སྟེ་བོད་རྒྱའི་དཀའ་རྙོག་ཛ་དྲག་ཆེ་རུ་ཕྱིན་ཡོད།
གནད་དོན་དེ་དག་རྒྱ་གཞུང་གི་འགོ་ཁྲིད་ཚོས་ཤེས་རྟོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་ནས་ཀྱང་ཤེས་ཀྱི་ཡོད། ངས་རྒྱ་ནག་གཞུང་གི་འགོ་ཁྲིད་གསར་པ་ཚོའི་འོག་ནས་འབྲེལ་མོལ་སླར་གསོ་ཡོང་བའི་རེ་བ་བྱེད་བཞིན་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་སླར་གསོ་བྱ་རྒྱུར་ག་དུས་ཡིན་རུང་གྲ་སྒྲིག་ཨང་གསར་ཡོད། ཅེས་ཧ་ཅང་གསལ་པོ་གསུངས་ཡོད།
སྤྱིར་བཏང་ཕྱི་ལོ་ ༢༠༡༠ ཟླ་ ༡ པོ་ནས་བཟུང་དུས་ད་ལྟ་བར་རྒྱ་བོད་གཉིས་ཀྱི་འབྲེལ་བ་ཆད་པ་ལྟ༌བུར་གྱུར་ཡོད། འོན་ཀྱང་ད་ཆ་རྒྱ་ནག་གཞུང་ལ་འགོ་ཁྲིད་གསར་སླེབས་ཡོད། འདས་པའི་མི་ལོ་དྲུག་ཅུའི་གནས་སྟངས་ལ་ཕྱིར་སློག་བྱས་ནས་བལྟས་ན། རྒྱ་ནག་གཞུང་གི་འགོ་ཁྲིད་གསར་པ་ཚོའི་འོག་ནས་འབྲེལ་བ་སླར་གསོའི་དུས་ཚོད་ཅིག་ཡོང་གི་རེད་བསམས་ཀྱི་འདུག བོད་རྒྱའི་དཀའ་རྙོག་སེལ་རྒྱུ་གཙོ་བོ་དེ་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་དངོས་ཐོག་བདེན་འཚོལ་བྱེད་རྒྱུ་མ་ཟད། ད་ལྟའི་རྒྱ་ནག་གཞུང་ནས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་དེ་བོད་མིའི་བློ་འདོད་ཁེངས་ཀྱི་མེད་པའི་གནས་ཚུལ་གསལ་རྟོགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་བཞིན་བོད་རྒྱ་ཞི་མོལ་མདུན་བསྐྱོད་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མིར་དངོས་ཐོག་བདེན་འཚོལ་གྱི་སྲིད་བྱུས་ལག་བསྟར་མ་བྱས་པར་ཐུག་ཡོད། འབྱུང་འགྱུར་རྒྱ་ནག་གཞུང་ནས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་རྒྱ་ཞི་མོལ་གང་མྱུར་སླར་གསོ་བྱེད་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཅེས་གསུངས་འདུག་པ་བཅས། །