༢༠༡༣ ཟླ་ ༧ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་རྒྱུན་ལས་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་རྒྱ་རི་བདེ་ཆེན་རྒྱལ་མོ་ལགས་དང་། རྒྱུན་ལས་ཚོགས་ཆུང་གི་དྲུང་ཆེ་ཚེ་རིང་དངོས་གྲུབ་ལགས། རྒྱུན་ལས་ཚོགས་ཆུང་གི་འབྲེལ་མཐུད་པ་བློ་བཟང་གྲགས་པ་ལགས། རྒྱུན་ལས་ཚོགས་ཆུང་གི་རྩིས་གཉེར་བསྟན་འཛིན་རྣམ་རྒྱལ་ལགས། དེ་བཞིན་ཕྱི་ནང་གསར་འགོད་པ་བཅས་ཁྱོན་མི་གྲངས་ཉི་ཤུ་བརྒལ་བ་ལྷན་འཛོམས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གསར་དུ་འདེམས་ཐོན་བྱུང་བའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་སོགས་རིམ་བཞིན་ངོ་སྤྲོད་གནང་ཡོད། དེ་ནས་རྒྱུན་ལས་ཚོགས་ཆུང་གི་དྲུང་ཆེ་ཚེ་རིང་དངོས་གྲུབ་ལགས་ཀྱིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་རྒྱུན་ལས་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་བོད་ཡིག་ཐོག་ཡོད་པ་དེ་བཞིན་སྒྲོགས་སྦྱང་གནང་དོན། དེ་རིང་ང་ཚོས་དགའ་སྤོབས་ཆེན་པོའི་ངང་ནས་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ (Tibetan Legal Association) དངོས་སུ་གསར་འཛུགས་ཐུབ་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན། ཚོགས་པ་འདི་ནི་གཞུང་འབྲེལ་མ་ཡིན་ལ། ཁེ་ཕན་ལ་མ་དམིགས་ཤིང་། ཁྲིམས་ལུགས་རིག་པ་བ་ཤ་སྟག་དང་བླངས་ལས་གྲུབ་པ་ཞིག་ཡིན།
ཚོགས་པ་འདིས་ཁྲིམས་མཐུན་གྱི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་བྱ་རྒྱུ་དང་། རྒྱལ་སྤྱིའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་བྱས་ཏེ་རྒྱབ་སྐྱོར་རག་ཐབས། བཙན་བྱོལ་ནང་གི་ཁྲིམས་ལུགས་རིག་པ་བ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ནུས་པ་ཐོན་པའི་ལས་དོན་ལ་བརྩོན་རྒྱུ། དེ་བཞིན་ཡུལ་ཁྲིམས་ཀྱི་ཐོག་ནས་དཀའ་ངལ་འཕྲད་པའི་ཉམ་ཐག་རིགས་ལ་རོགས་རམ་བྱ་རྒྱུ་དང་། ཚོགས་པ་འདིའི་ཐོག་ནས་ཚོགས་མི་རྣམས་ལ་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུ་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ་བཅས་ཀྱི་དམིགས་ཡུལ་བཟུང་ཡོད།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདིར་རྒྱུན་ལས་ཚོགས་མི་ ༥ འདེམས་བསྐོ་བྱས་ཡོད་པའི་ཁོངས། ཚོགས་གཙོ་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་རྒྱ་རི་བདེ་ཆེན་རྒྱལ་མོ་དང་། དྲུང་ཆེ་ཀ་སྦུག་ཏུ་གནས་སྡོད་ཁྲིམས་རྩོད་པ་ཚེ་རིང་དངོས་གྲུབ། འབྲེལ་མཐུད་པ་སྦེང་ལོར་ཁི་རེ་སིཊ་ཁྲིམས་སློབ་ཀྱི་ཞིབ་འཇུག་སློབ་མ་ (LLM) བློ་བཟང་གྲགས་པ་དང་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་ཆོས་བཟང་། འདུ་འགོད་པ་དྷ་སར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་བཅས་ཡོད།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་བཞུགས་སྒར་རྡ་རམ་ས་ལར་འཛུགས་གཏན་འཁེལ་ཡོད་པ་དང་། རྒྱུན་ལས་ཚོགས་ཆུང་གི་ངོས་ནས་ཐོག་མའི་ལས་འགན་ནི་ཚོགས་པའི་རྩ་འཛིན་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་དང་ཡུལ་ཁྲིམས་འོག་དེབ་སྐྱེལ་གྲུབ་པ་བྱས་ཏེ་ཕྱི་ལོ་ ༢༠༡༤ ལོའི་ལོ་འགོར་ཚོགས་ཆེན་སྐོང་འཆར་བསྒྲིགས་ཡོད།
ལྷན་ཚོགས་ཐོག་ཚོགས་པའི་དགོས་དམིགས་དོན་ཚན་ ༡༢ གཏན་འབེབས་གནང་ཡོད་པ་གཤམ་གསལ།
༡། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ཉམ་ཐག་རྣམས་ལ་ཁྲིམས་ལུགས་ཀྱི་ཐོག་ནས་རོགས་རམ་གང་ཐུབ་བྱ་རྒྱུ་དང་། ཁྲིམས་ཐོག་ནས་དཀའ་ངལ་འཕྲད་པའི་བོད་མི་ཚོར་ཁྲིམས་ཀྱི་ལམ་སྟོན། དེ་ཡང་བོད་མི་ཉམ་ཐག་ལ་གླ་མེད་ཁྲིམས་རྩོད་པ་དང་སྐད་སྒྱུར་སྦྱོར་སྤྲོད་བྱ་རྒྱུ། རྒྱ་གར་དབུལ་ཕོངས་ཁྲིམས་ཀྱིས་སྲུང་སྐྱོབ་དགོས་རིགས་ལའང་ཁྲིམས་རྩོད་པའི་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་ཐབས་ལ་འབད་བརྩོན།
༢། བོད་མིའི་རྩ་དོན་ཐོག་ལ་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་ཞུ་གཏུག་སོགས་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུ།
༣། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་རྣམས་དང། སློབ་གྲྭ དགོན་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་བཞིན་མི་མང་བྱིངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམ་པ་བཅས་ལ་དུས་ནས་དུས་སུ་ཁྲིམས་ལུགས་ཀྱི་སློབ་ཚན་ཁག་ལ་ཟབ་སྦྱོང་དང་ལམ་སྟོན་གནང་སྟེ། ཁྲིམས་ལུགས་ཀྱི་ཤེས་བྱ་གོང་འཕེལ་གཏོང་བའི་ཐོག ཁྲིམས་ཀྱི་མདུན་སར་སྤྱི་སྒེར་གྱི་ཐོབ་ཐང་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཐུབ་པ་དང། ཁྲིམས་འགལ་རིགས་འགོག་ཐབས་ཀྱི་ལམ་སྟོན། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་ཁྲིམས་ལུགས་ཀྱི་སློབ་ཚན་འདྲ་མིན་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་དང་ལམ་སྟོན་བྱ་རྒྱུ།
༤། བོད་མིའི་སྒྲིག་འཛུགས་ངོས་ནས་བཀའ་མངགས་བྱུང་ན་དེ་ལུགས་ཀྱི་ཁྲིམས་དོན་ལམ་སྟོན་དང་རོགས་འདེགས་བྱ་རྒྱུ།
༥། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ལ་ཉམས་ཞིབ་དང་བོད་བསྒྱུར་གྱི་ལས་གཞི་རྒྱ་ཆེ་སྤེལ་བའི་ཐོག སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དང་། དུས་དེབ་དང་དཔེ་དེབ་སོགས་དུས་ཐོག་འགྲེམས་སྤེལ་བྱ་རྒྱུ་དང། དེ་བཞིན་རིམ་པས་བོད་མི་ཚོས་ཁྲིམས་ལུགས་ཀྱི་གནད་དོན་གོང་འཕེལ་ཐུབ་ཆེད་ཁྲིམས་ཡིག་དཔེ་མཛོད་ཅིག་གསར་རྒྱག་ཞུ་རྒྱུ།
༦། བོད་ཀྱི་ཆབ་སྲིད་དང་འཐབ་རྩོད་ལ་དགོས་མཁོ་ཡོད་རིགས་ཀྱི་རྒྱལ་ཁབ་འདྲ་མིན་གྱི་ཁྲིམས་ལུགས་སོགས་ལ་ཞིབ་འཇུག་དང་ཉམས་ཞིབ་རྒྱ་ནག་གི་ཁྲིམས་ལུགས་ཐོག་ལ་དམིགས་བསལ་སློབ་སྦྱོང་དང་ཉམས་ཞིབ་གནང་བའི་ཐོག་ནས་བོད་དོན་འཐབ་རྩོད་དང་བོད་མི་ཚོར་གོ་རྟོགས་སྤེལ་རྒྱུ།
༧། ཁྲིམས་མཐུན་གྱི་ཐོག་ནས་རོགས་དངུལ་དང་ཞལ་འདེབས་ཀྱི་མ་དངུལ་གསོག་སྒྲུབ་བྱ་རྒྱུ་དང། དངུལ་འབབ་དེ་དག་ཚོགས་པའི་དགོས་དམིགས་སྒྲུབ་ཆེད་དང། བོད་མིའི་བདེ་དོན། རྩ་དོན་བཅས་ཀྱི་ཆེད་བེད་སྤྱོད་བྱ་རྒྱུ།
༨། ལེགས་སྐྱེས་སྤྲོད་འོས་པ་དང། དགོས་ངེས་ཅན་གྱི་ཁྲིམས་ཀྱི་སློབ་མའམ་ཁྲིམས་ལུགས་རིག་པ་བ་རྣམས་ལ་ཤེས་བྱ་གོང་འཕེལ་ཆེད་དུ་སློབ་ཡོན་གྱི་རོགས་རམ་སྩལ་རྒྱུ་དང་། བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ལ་སྤྱི་ཚོགས་ཁྲོད་ལས་རིགས་འཚོལ་རྒྱུའི་སྡིངས་ཆ་བསྐྲུན་ཐབས་དང་། དེ་དག་ལ་མདུན་ལམ་ལམ་སྟོན་གནང་རྒྱུ།
༩། བོད་མིའི་ཁྲིམས་ཀྱི་སློབ་མ་རྣམས་ལ་དུས་ནས་དུས་སུ་དམིགས་བསལ་ཁྲིམས་ཀྱི་ཤེས་བྱ་གོང་འཕེལ་ཆེད་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ།
༡༠། དགོས་དམིགས་གཅིག་མཚུངས་ཀྱི་རྒྱལ་སྤྱི་དང་། ས་གནས་ཀྱི་ཚོགས་སྡེ་ཁག་གི་ལྷན་དུ་འབྲེལ་ལམ་གང་ཐུབ་བྱ་རྒྱུ།
༡༡། བོད་མིའི་སྤྱི་ཚོགས་ལ་ཕན་རླབས་ཆེ་བའི་ལས་འཆར་ཇི་དགོས་ལས་རིམ་བཞིན་ལག་ལེན་བསྟར་རྒྱུ།
༡༢། ཚོགས་པའི་དཔལ་འབྱོར་དང་མི་འགྲོའི་མཐུན་རྐྱེན་བཅས་ལ་བབ་བསྟུན་གྱིས་གོང་འཁོད་དམིགས་ཡུལ་ཁག་སྒྲུབ་ཐབས་ལ་འབད་བརྩོན་གནང་རྒྱུ།
ང་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་ཕོ་བྲང་དུ་མཇལ་ཁ་བཀའ་སློབ་ཟབ་རྒྱས་སྩལ་བར་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་དང་། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དབུ་འབྱེད་མཛད་སྒོ་དང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས་ལམ་སྟོན་གནང་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་པའི་ཁྲིམས་ཞིབ་པ་གཞན་གཉིས་དང་། སྤྱི་ཁྱབ་ཁྲིམས་དྲུང་དང་ལས་བྱེད་བཅས་ནས་གྲ་སྒྲིག་ལས་དོན་ཐོག་འགན་ཁུར་གཙང་བཞེས་ཐོག ཚོགས་འདུའི་བརྒྱུད་རིམ་ཆ་ཚང་གོ་སྒྲིག་འཐུས་གཙང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་རྒྱུན་ལས་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢ ལ་ཞེས་འཁོད་འདུག ཕྱོགས་མཚུངས་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོས་དབྱིན་ཡིག་ཐོག་ཡོད་པའི་གསར་འགོད་གསལ་བསྒྲགས་དེ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ་གསར་འགོད་གསལ་བསྒྲགས་གྲོལ་བ་བཅས། །