༢༠༡༣ ཟླ་༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་མིའི་ཁྲིམས་ལུགས་རིག་པ་བ་ ༤༡ ཚོགས་འཛོམས་ཀྱིས་ཉིན་གསུམ་རིང་བགྲོ་གླེང་གནང་བ་བརྒྱུད། གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ (Tibetan Legal Association) ཞེས་པ་དངོས་སུ་གསར་འཛུགས་ཀྱིས། ཚོགས་ཐོག་ཏུ་རྒྱུན་ལས་ཚོགས་མི་ ༥ འདེམས་བསྐོ་དང་། ཚོགས་པའི་སྤྱི་ཡོངས་དགོས་དམིགས་དང་ལས་དོན་བྱེད་ཕྱོགས་གཏན་འབེབས་གནང་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་གནང་བའི་ལྷན་ཚོགས་དེའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། བོད་མིའི་ཁྲིམས་ལུགས་རིག་པ་རྣམས་ནས་བོད་སྤྱི་པའི་རྩ་དོན་དང་། བོད་མིའི་སྤྱི་ཚོགས་སུ་ཞབས་ཞུ་སྒྲུབ་ཕྱོགས་སྐོར་གསུང་བཤད་གནང་ཡོད་པ་མཟད། ཚོགས་གཙོ་མཆོག་གིས་གསར་དུ་འདེམས་ཐོན་བྱུང་བའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་རྒྱ་རི་བདེ་ཆེན་རྒྱལ་མོ་དང་། དྲུང་ཆེ་ཀ་སྦུག་ཏུ་གནས་སྡོད་ཁྲིམས་རྩོད་པ་ཚེ་རིང་དངོས་གྲུབ། འབྲེལ་མཐུད་པ་སྦེང་ལོར་ཁི་རེ་སིཊ་ཁྲིམས་སློབ་ཀྱི་ཞིབ་འཇུག་སློབ་མ་ LLM བློ་བཟང་གྲགས་པ་དང་ལྡི་ལིར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་ཆོས་བཟང་། རྩིས་གཉེར་དྷ་སར་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་བཅས་རྒྱུན་ལས་ཚོགས་མི་ ༥ ལ་ལེགས་སོའི་མཇལ་དར་བསྒྲོན་ཡོད།
ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱ་མཆོག་གིས་མཇུག་བསྡོམས་མཛད་སྒོའི་གསུང་བཤད་དུ་ངོ་སྤྲོད་གནང་བ་ལྟར་ན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཀྱི་གྲོས་གཞི་དང་པོ་ཁྲིམས་ལུགས་རིག་པ་བ་གང་མང་ཞིག་བོད་མིའི་སྤྱི་ཚོགས་དང་། བོད་མིའི་སྒྲིག་འཛུགས་ནང་ཞབས་འདེགས་ཞུ་ཐུབ་པའི་ཐབས་ལམ་ཇི་ཡོད་ཐོག་ཚོགས་བཅར་བ་རྣམས་ཀྱི་དགོངས་འཆར་ཕྱོགས་བསྡོམས་དོན་ཚན་ ༨ ཅན་ཞིག་ཡོད་པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་ལས་ཁུངས་སོ་སོར་འབུལ་གཏོང་གིས། དགོངས་འཆར་ལག་བསྟར་མཇུག་གནོན་ཡོང་བའི་སྐུལ་འདེབས་གནང་རྒྱུ་ཡིན་སྐོར་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ད་དུང་ཚོགས་པ་གསར་འཛུགས་ཀྱི་རྒྱུན་ལས་འདེམས་བསྐོ་ཐུབ་པ་བྱུང་བར་ཚད་མཐོའི་གདེང་འཇོག་དང་། ཚོགས་པ་དང་ཚོགས་མིའི་ངོས་ནས་མ་འོངས་པར་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་སོ་སོའི་ཆེད་ལས་ཀྱི་ནུས་སྟོབས་འདོན་ཕྱོགས་སྐོར་ལམ་སྟོན་ཞིབ་རྒྱས་གནང་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ད་བར་བརྩད་ཞིབ་གནང་བའི་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ ༧ ནང་བོད་མིའི་ཁྲིམས་ལུགས་རིག་པ་བ་ ༩༨ ཙམ་ཡོད་པ་དེ་དག་གི་གནས་འབྲེལ་ཁ་བྱང་དང་ཡིག་ཆ་སོགས་གསར་དུ་འདེམས་བསྐོ་བྱས་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་རྒྱུན་ལས་ཚོགས་ཆུང་ལ་རྩིས་སྤྲོད་གནང་འཆར་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ལྷན་ཚོགས་ཀྱི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་བཀའ་སློབ་ཆུ་ཚོད་ ༡ སྐར་མ་ ༥ ཙམ་ལ་སྩལ་འདུག་པ་དང་། ལྷན་ཚོགས་ཀྱི་གྲོས་གཞི་དོན་ཚན་གཉིས་ལ་དགྱེས་མཉེས་མཛད་བཞིན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཞིག་བརྒྱུད་ཉག་ཐག་སྐྱོ་བོ་ཚོར་རོགས་སྐྱོར་དང་། གཞིས་ཆགས་ཉེ་སྐོར་གྱི་ཡུལ་མི་དཀའ་ངལ་ཅན་ཚོར་ཞབས་འདེགས་ཞུ་གལ་ཆེ་སྐོར་དང་། དེ་བཞིན་རྒྱ་ནག་གི་ཁྲིམས་ལུགས་ལ་ཉམས་ཞིབ་སློབ་སྦྱོང་གིས། ཁྲིམས་ཡིག་ཏུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་ཤེས་པའི་ཐོག་ནས་བརྩད་ན་རྩོད་རྒྱུ་ཡོད་པ་མ་ཟད། འགྱུར་བ་ཆེན་པོ་ཞིག་བྱུང་བའི་སྐབས་སུའང་རྒྱ་ནག་དང་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་པ་དགོས་གལ་ཆེ་སྐོར། བཙན་བྱོལ་སྤྱི་ཚོགས་སུའང་དཀའ་ངལ་ཅན་ཚོར་རོགས་རམ་བྱེད་མཁན་ཞིག་ཡོད་བརྗོད་ས་ཡོད་པ་ཞིག་དགོས་གལ་ཆེ་སྐོར་སོགས་བཀའ་སློབ་ཞིབ་རྒྱས་སྩལ་འདུག
བཙུགས་མ་ཐག་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་བཞུགས་སྒར་རང་དུ་འཛུགས་གཏན་འཁེལ་འདུག་པ་དང་། ཕྱི་ལོ་ ༢༠༡༤ ལོའི་མགོ་སྟོད་བར་ཚོགས་པའི་རྩ་འཛིན་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་དང་ཡུལ་ཁྲིམས་འོག་དེབ་སྐྱེལ་གྲུབ་པ་བྱས་ཏེ་ཚོགས་ཆེན་བསྐོང་འཆར་བསྒྲིགས་འདུག
ལྷན་ཚོགས་ཐོག་ཚོགས་པའི་དགོས་དམིགས་དོན་ཚན་ ༡༢ གཏན་འབེབས་གནང་འདུག་པ་གཤམ་གསལ།
༡། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ཉམ་ཐག་རྣམས་ལ་ཁྲིམས་ལུགས་ཀྱི་ཐོག་ནས་རོགས་རམ་གང་ཐུབ་བྱ་རྒྱུ་དང་། ཁྲིམས་ཐོག་ནས་དཀའ་ངལ་འཕྲད་པའི་བོད་མི་ཚོར་ཁྲིམས་ཀྱི་ལམ་སྟོན། དེ་ཡང་བོད་མི་ཉམ་ཐག་ལ་གླ་མེད་ཁྲིམས་རྩོད་པ་དང་སྐད་སྒྱུར་སྦྱོར་སྤྲོད་བྱ་རྒྱུ། རྒྱ་གར་དབུལ་ཕོངས་ཁྲིམས་ཀྱིས་སྲུང་སྐྱོབ་དགོས་རིགས་ལའང་ཁྲིམས་རྩོད་པའི་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་ཐབས་ལ་འབད་བརྩོན།
༢། བོད་མིའི་རྩ་དོན་ཐོག་ལ་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་ཞུ་གཏུག་སོགས་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུ།
༣། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་རྣམས་དང། སློབ་གྲྭ དགོན་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་བཞིན་མི་མང་བྱིངས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམ་པ་བཅས་ལ་དུས་ནས་དུས་སུ་ཁྲིམས་ལུགས་ཀྱི་སློབ་ཚན་ཁག་ལ་ཟབ་སྦྱོང་དང་ལམ་སྟོན་གནང་སྟེ། ཁྲིམས་ལུགས་ཀྱི་ཤེས་བྱ་གོང་འཕེལ་གཏོང་བའི་ཐོག ཁྲིམས་ཀྱི་མདུན་སར་སྤྱི་སྒེར་གྱི་ཐོབ་ཐང་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཐུབ་པ་དང། ཁྲིམས་འགལ་རིགས་འགོག་ཐབས་ཀྱི་ལམ་སྟོན་དང་། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་ཁྲིམས་ལུགས་ཀྱི་སློབ་ཚན་འདྲ་མིན་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་དང་ལམ་སྟོན་བྱ་རྒྱུ།
༤། བོད་མིའི་སྒྲིག་འཛུགས་ངོས་ནས་བཀའ་མངགས་བྱུང་ན་དེ་ལུགས་ཀྱི་ཁྲིམས་དོན་ལམ་སྟོན་དང་རོགས་འདེགས་བྱ་རྒྱུ།
༥། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ལ་ཉམས་ཞིབ་དང་བོད་བསྒྱུར་གྱི་ལས་གཞི་རྒྱ་ཆེ་སྤེལ་བའི་ཐོག སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དང་། དུས་དེབ་དང་དཔེ་དེབ་སོགས་དུས་ཐོག་འགྲེམས་སྤེལ་བྱ་རྒྱུ་དང། དེ་བཞིན་རིམ་པས་བོད་མི་ཚོས་ཁྲིམས་ལུགས་ཀྱི་གནད་དོན་གོང་འཕེལ་ཐུབ་ཆེད་ཁྲིམས་ཡིག་དཔེ་མཛོད་ཅིག་གསར་རྒྱག་ཞུ་རྒྱུ།
༦། བོད་ཀྱི་ཆབ་སྲིད་དང་འཐབ་རྩོད་ལ་དགོས་མཁོ་ཡོད་རིགས་ཀྱི་རྒྱལ་ཁབ་འདྲ་མིན་གྱི་ཁྲིམས་ལུགས་སོགས་ལ་ཞིབ་འཇུག་དང་ཉམས་ཞིབ། རྒྱ་ནག་གི་ཁྲིམས་ལུགས་ཐོག་ལ་དམིགས་བསལ་སློབ་སྦྱོང་དང་ཉམས་ཞིབ་གནང་བའི་ཐོག་ནས་བོད་དོན་འཐབ་རྩོད་དང་བོད་མི་ཚོར་གོ་རྟོགས་སྤེལ་རྒྱུ།
༧། ཁྲིམས་མཐུན་གྱི་ཐོག་ནས་རོགས་དངུལ་དང་ཞལ་འདེབས་ཀྱི་མ་དངུལ་གསོག་སྒྲུབ་བྱ་རྒྱུ་དང། དངུལ་འབབ་དེ་དག་ཚོགས་པའི་དགོས་དམིགས་སྒྲུབ་ཆེད་དང། བོད་མིའི་བདེ་དོན། རྩ་དོན་བཅས་ཀྱི་ཆེད་བེད་སྤྱོད་བྱ་རྒྱུ།
༨། ལེགས་སྐྱེས་སྤྲོད་འོས་པ་དང། དགོས་ངེས་ཅན་གྱི་ཁྲིམས་ཀྱི་སློབ་མའམ་ཁྲིམས་ལུགས་རིག་པ་བ་རྣམས་ལ་ཤེས་བྱ་གོང་འཕེལ་ཆེད་དུ་སློབ་ཡོན་གྱི་རོགས་རམ་སྩལ་རྒྱུ་དང་། བོད་མིའི་ཁྲིམས་ལུགས་རིག་པ་རྣམས་ལ་སྤྱི་ཚོགས་ཁྲོད་ལས་རིགས་འཚོལ་རྒྱུའི་སྡིངས་ཆ་བསྐྲུན་ཐབས་དང་། དེ་དག་ལ་མདུན་ལམ་ལམ་སྟོན་གནང་རྒྱུ།
༩། བོད་མིའི་ཁྲིམས་ཀྱི་སློབ་མ་རྣམས་ལ་དུས་ནས་དུས་སུ་དམིགས་བསལ་ཁྲིམས་ཀྱི་ཤེས་བྱ་གོང་འཕེལ་ཆེད་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ།
༡༠། དགོས་དམིགས་གཅིག་མཚུངས་ཀྱི་རྒྱལ་སྤྱི་དང་། ས་གནས་ཀྱི་ཚོགས་སྡེ་ཁག་གི་ལྷན་དུ་འབྲེལ་ལམ་གང་ཐུབ་བྱ་རྒྱུ།
༡༡། བོད་མིའི་སྤྱི་ཚོགས་ལ་ཕན་རླབས་ཆེ་བའི་ལས་འཆར་ཇི་དགོས་ལས་རིམ་བཞིན་ལག་ལེན་བསྟར་རྒྱུ།
༡༢། ཚོགས་པའི་དཔལ་འབྱོར་དང་མི་འགྲོའི་མཐུན་རྐྱེན་བཅས་ལ་བབ་བསྟུན་གྱིས་གོང་འཁོད་དམིགས་ཡུལ་ཁག་སྒྲུབ་ཐབས་ལ་འབད་བརྩོན་གནང་རྒྱུ།