༢༠༡༣ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་། ནིའུ་འཇར་སི་ཁུལ་གྱི་སེར་སྐྱ་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོ་དེ་བཞིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་ནིའུ་ཡོཀ་གྲོང་སྟོད་དུ་ཆགས་པའི་བརྩེ་ཆེན་ཀུན་ཁྱབ་གླིང་ས་སྐྱ་དགོན་པར་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཤིང་། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་འཁྲུངས་སྐར་མཛད་སྒོའི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་གཙུག་རྒྱན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་ཡོད།
༸གོང་ས་མཆོག་དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་’འདི་ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། བསྐལ་བཟང་གི་མཛད་སྒོ་དེར་དེང་སྐབས་ཨ་རིའི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་དང་། ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས། ནིའུ་ཡོཀ་དང་། ཝ་ཤིང་ཊོན་དུ་གཞུང་དོན་ཕྱོགས་ཕེབས་གནང་བཞིན་པ་ཕྱི་ཟླ་ ༩ ཚེས་ ༡ ནས་དོན་གཅོད་གསར་པའི་མཛད་འཁུར་བཞེས་མཁན་སྐལ་རྡོར་དབུ་དཀར་ཚང་། ས་གནས་གྲོང་སྡེ་ལས་ཁུངས་ཀྱི་དཔོན་རིགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ཕྱི་རྒྱལ་གྲོགས་པོ་སོགས་ཁྱོན་མི་གྲངས་ ༢༠༠༠ ཙམ་མཛད་སྒོར་མཉམ་ཞུགས་གནང་ཡོད།
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་གྲུབ་མཚམས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐ༜འི་གསང་གསུམ་གྱི་མཛད་འཕྲིན་སྙིང་བསྡུས་ཤིག་ངོ་སྤྲོད་ཀྱིས་བཀའ་དྲིན་རྗེས་དྲན་ཞུས། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་སྲིད་སྐྱོང་མཆོག་གི་འཁྲུངས་སྐར་གསུང་བཤདན་སྒྲོགས་སྦྱང་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་དོན། དེ་སྔ་ཕྱི་ལོ་ ༡༩༥༤།༡༩༥༥ ཙམ་ལ་ལྷ་སའི་བསམ་གྲུབ་ཕོ་བྲང་དུ་རྫོང་གསར་མཁྱེན་བརྩེ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་གིས་ལྗགས་རྩོམ་མཛད་པའི་༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་དབྱངས་སྙན་ནང་གསུངས་པའི་མ་འོངས་ལུང་བསྟན་ལྟར། ༸གོང་ས་མཆོག་གི་སྐུ་ཚེའི་སྟོད་དུ་བོད་གངས་ཅན་ལྗོངས་ཀྱི་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཤིང་། བསྟན་པ་རིས་མེད་ལ་ཐུགས་ཁུར་མཛད་པ་དང་། བར་དུ་དུས་ཀྱི་འཁོར་ལོའི་ཆོས་འཁོར་གྱིས་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་པར་མཛད་ཅིང་། འཛམ་གླིང་ཆེ་དགུ་ཡོངས་ཀྱིས་གཅིག་གྱུར་དུ་ཞི་བདེའི་དེད་དཔོན་ཆེན་པོར་བཀུར། གང་ཉིད་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་རིས་མེད་ཆོས་བརྒྱུད་ཁག་ཐུགས་མཐུན་དམ་གཙང་དུ་གནས་ཐུབ་ཡོད། སྐུ་ཚེའི་སྨད་དུ་ཕོ་བྲང་ཆེན་པོ་པོ་ཏྰ་ལའི་མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་འཁོད་ཐུབ་པའི་ལུང་བསྟན་ཇི་བཞིན་ཡིད་ཆེས་གཙང་མ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། མཇུག་ཏུ་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཅིང་རྒྱ་ཆེ་བའི་བླང་དོར་བཀའ་སློབ་ཀྱི་དོན་སྙིང་རྣམས་སེམས་ལ་བཅངས་ཏེ་སེམས་རྒྱུད་བཟང་པོ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་ལམ་སྟོན་ཡང་གནང་ཡོད།
ཉིན་རྒྱབ་ཚོགས་སྐྱིད་ཁག་དང་། སློབ་ཕྲུག ཆོལ་གསུམ་ཟློས་གར་ཚོགས་པ་བཅས་ནས་ལྷ་མོའི་འཁྲབ་གཞུང་མདོར་བསྡུས་དང་། ཡུལ་ལུང་སོ་སོའི་གཞས་སྣ་འཁྲབ་སྟོན་ཞུས་ཏེ་རང་ཅག་རྣམས་ལ་བཀའ་དྲིན་ཟླ་མེད་༸རྒྱལ་མཆོག་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་འདི་བཞིན་དགའ་དད་སྤྲོ་གསུམ་གྱི་རྣམ་པའི་སྒོ་ནས་སྲུང་བརྩི་ཞུས་ཡོད་པ་བཅས།།